བོད་ལྗོངས་ཀྱི་མྱུར་སྐྱེལ་ལས་རིགས་འཕེལ་རྒྱས་མྱུར་པོ་ཕྱིན་པ།
མྱུར་སྐྱེལ་ཞབས་ཞུ་སྒྲིག་ཚང་གྲོང་ཚོ་ཚང་མར་ཁྱབ་པ།
ཉེ་ཆར། གསར་འགོད་པར་བོད་རང་སྐྱོང་ལྗོངས“ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་75འཁོར་བར་སྤྲོ་སེམས་འཁོལ་པོས་བསུ་བ་ཞུ”ཞེས་པའི་བརྗོད་དོན་གཙོ་བོའི་རིམ་སྤེལ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། རང་ལྗོངས་ཀྱི་མྱུར་སྐྱེལ་ལས་འབོར་2012ལོའི་ཁྲི་284.32ནས་2023ལོའི་ཁྲི་2192.03བར་མང་དུ་ཕྱིན་པ་དང་ལོ་རེའི་ཆ་སྙོམས་འཕར་ཚད་20.4%ཟིན་ཡོད་ཅིང་། མྱུར་སྐྱེལ་ལས་སྒོའི་ཡོང་འབབ་2012ལོའི་སྒོར་དུང་ཕྱུར་1.18ནས་2023ལོའི་སྒོར་དུང་ཕྱུར་6.09བར་འཕར་ཡོད་པ་དང་ལོ་རེའི་ཆ་སྙོམས་འཕར་ཚད་16.09%ཟིན་ཡོད། མིག་སྔར་རང་ལྗོངས་སུ་སྤྱིའི་ཆ་ནས་དྲ་རྒྱའི་ཕྱི་ནང་སྦྲེལ་མཐུད་ཐུབ་པ་དང་། ཞབས་ཞུ་གྲོང་རྡལ་དང་ཤང་ལ་ཁྱབ་པ། འཁོར་སྐྱོད་བདེ་འཇགས་དང་ཁོར་ཡུག་སྲུང་སྐྱོང་ཐུབ་པ། ཐོན་ལས་མཉམ་འདྲེས་ཟབ་པ། བཅོས་སྐྱོང་མཉམ་སྒྲུབ་དང་ལས་ཆོད་ཆེ་བ་བཅས་ཀྱི་མྱུར་སྐྱེལ་ཞབས་ཞུའི་མ་ལག་བཙུགས་ཡོད་པ་རེད།
2023ལོའི་ལོ་མཇུག་བར། རང་ལྗོངས་སུ་མྱུར་སྐྱེལ་ལས་ཚིགས་ཁག་657དང་། སྦྲག་སྲིད་ཚོང་གཉེར་ལས་ཚིགས་ཁག་754 དེ་བཞིན་གྲོང་ཚོའི་སྦྲག་སྲིད་ས་ཚིགས་ཁག་4641བཅས་བཙུགས་ཟིན་ཏེ། མྱུར་སྐྱེལ་ཞབས་ཞུ་སྒྲིག་ཚང་གྲོང་ཚོ་ཚང་མར་ཁྱབ་ཡོད། 2020ལོར“མྱུར་སྐྱེལ་གྲོང་གསེབ་ཏུ་བསྐྱོད་པའི”ལས་གྲྭ་འགོ་ཚུགས་པ་ནས་བཟུང་། སྦྲག་སྲིད་དང་མྱུར་སྐྱེལ་མཉམ་ལས་དང་། འགྲིམ་འགྲུལ་དང་སྦྲག་སྲིད་མཉམ་ལས། ཚོང་ལས་དང་མྱུར་སྐྱེལ་མཉམ་ལས་སོགས་ཀྱི་བྱ་ཐབས་བརྒྱུད། “བོད་ཟོག་ཕྱིར་གཏོང”དང་བཟོ་ལས་ཐོན་རྫས་གྲོང་གསེབ་ཏུ་གཏོང་བར་སྐུལ་འདེད་བཏང་ནས། སྤོ་བོ་རྫོང་གི་ར་མོ་ཤག་ཆེན་དང་། ནག་ཆུའི་དབྱར་རྩྭ་དགུན་འབུ། མེ་ཏོག་གི་རྡོ་ཁོག ཉིང་ཁྲིའི་སྦེ་ཤ རྫ་ཡུལ་གྱི་སྤྲེལ་ཁམ་སོགས་ཐོན་རྫས་རྒྱལ་ཡོངས་སུ་ཁྱབ་གདལ་བཏང་ཡོད། 2023ལོར་མྱུར་སྐྱེལ་ལས་རིགས་ཀྱིས“བོད་ཟོག་ཕྱིར་གཏོང”ལ་སྐུལ་ཁྲིད་བྱས་པ་དང་ཞིང་ཞོར་ཐོན་རྫས་སྦྲག་ཐོག་ནས་བསྐུར་བའི་བྲིན་ཚོང་རིན་ཐང་སྒོར་དུང་ཕྱུར་21.77ཟིན་པ་དེ་མྱུར་སྐྱེལ་རེ་རེས་ཞིང་ཞོར་ཐོན་རྫས་བོད་ནས་ཕྱིར་ཚོང་བྱེད་སྐབས་སྒོར་100ཙམ་སྐུལ་ཁྲིད་ཐུབ་པ་དང་གཅིག་མཚུངས་ཡིན་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། 2017ལོར། ཅིན་ཏུང་ལྷ་ས་མཛོད་འཇུག་ཟོག་འགྲེམས་གླིང་བཙུགས་ནས་སྤྱོད་འགོ་ཚུགས་པས་བོད་དུ་དྲ་ཐོག་ཚོང་དོན་གྱི་ཟོག་འགྲེམས་མཛོད་འཇུག་སྐྱེལ་འདྲེན་ལྟེ་གནས་མེད་པའི་ལོ་རྒྱུས་མཇུག་འགྲིལ་བ་དང་། དངོས་ཟོག་འབྲིང་ཆུང་དང་ཁྱིམ་སྤྱོད་གློག་ཆས་ཆེ་གྲས་ཚང་མ་ལྷ་ས་ནས་བསྐུར་ཐུབ་པ་དང་ལྷ་སར“ཉིན་དེ་རང་དུ”འབྱོར་བ་དང་གྲོང་ཁྱེར(ས་གནས)ཁག་གཅིག་ལ“ཉིན་གཉིས་པར”འབྱོར་བ་མངོན་འགྱུར་ཐུབ་ཡོད་པ་རེད།
2018ལོའི་ཟླ་1པོའི་ཚེས་22ཉིན། ཧྲུན་ཧྥེང་མཁའ་འགྲུལ་ཚད་ཡོད་ཀུང་སིའི“ལྷ་ས་ནས་ཁྲེང་ཏུའུ་བར”གྱི་ཟོག་འདྲེན་མཁའ་ལམ་སྤྱོད་འགོ་ཚུགས་པས་དངོས་ཟོག་སྐྱེལ་འདྲེན་གྱི་དུས་ཡུན་ཐུང་དུ་ཤུགས་ཆེན་ཕྱིན་ཡོད།
མྱུར་སྐྱེལ་པའི་ཁེ་དབང་འགན་ལེན་བྱེད་ཤུགས་རྒྱུན་ཆད་མེད་པར་ཤུགས་ཆེ་རུ་ཕྱིན་པ་དང་2019ལོ་ནས་བཟུང་མྱུར་སྐྱེལ་པའི་ཁེ་དབང་སྲུང་སྐྱོང་བྱེད་འགོ་ཚུགས་ཡོད། ལྗོངས་ཡོངས་ཀྱི་གྲོང་ཁྱེར་མང་པོར་མྱུར་སྐྱེལ་པའི་ཞབས་འདེགས་ས་ཚིགས་བཙུགས་པ་དང་། “མྱུར་སྐྱེལ་ཕོ་གསར”ལ་གནས་སྐབས་ངལ་གསོ་དང་། གློག་གསོག ཆུ་འཐུང་སོགས་ཀྱི་སེམས་ཁུར་ཞབས་འདེགས་མཁོ་འདོན་བྱས་པ་དང་། དམངས་གཉེར་མྱུར་སྐྱེལ་ཁེ་ལས་ཀྱིས་གཞི་རིམ་ལས་ཞུགས་པར་སྤྱི་ཚོགས་འགན་སྲུང་དང་ཚོང་ལས་འགན་བཅོལ་ནང་ཞུགས་པ་དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་སྟེ། 2023ལོའི་ལོ་མཇུག་བར། མྱུར་སྐྱེལ་པ་འགན་བཅོལ་ནང་ཞུགས་ཚད་98.81%ཟིན་ཡོད་པ་རེད།