དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • མི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་ཡང་དག་ལམ་བུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་དགོས།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གླེང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  མི་དམངས་ཉིན་རེའིཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2024-09-30

    མི་རིགས་མཐུན་སྒྲིལ་ནི་རང་རྒྱལ་གྱི་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་ཡིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་75འཁོར་བའི་འཁྲུངས་སྐར་དགའ་བས་བསུ་བའི་དུས་འདིར། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་འཚོགས་ཡོད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་ཆེན་ལ་ཕེབས་ནས་གསུང་བཤད་གལ་ཆེན་གནང་སྟེ། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་75སོང་རིང་དང་ལྷག་པར་དུ་དུས་རབས་གསར་པའི་ཚུན་གྱི་རང་རྒྱལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་ཐོབ་པའི་གྲུབ་འབྲས་རླབས་པོ་ཆེར་ཕྱོགས་ཡོངས་ནས་ཕྱོགས་སྡོམ་གནང་ཞིང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་གྲུབ་པ་དང་འཕེལ་རྒྱས་ཀྱི་རྩ་བ་དང་སྲོག་རྩ་གསལ་སྟོན་གཏིང་ཟབ་གནང་བ་མ་ཟད། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་དགོས་པའི་སྤྱིའི་བླང་བྱ་ཁ་གསལ་བཏོན་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་པ་ཟབ་པ་དང་གཟིགས་རྒྱང་རིང་ཞིང་། དེ་ནི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བའི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞིག་རེད།

    རང་རེའི་ཏང་དབུ་བརྙེས་པའི་ཉིན་ནས་བཟུང་། མི་རིགས་ཀྱི་གནད་དོན་དང་མི་རིགས་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་མི་རིགས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ཡོད། ཀྲུང་གོ་གསར་པ་དབུ་བརྙེས་རྗེས། ཏང་གིས་མི་རིགས་འདྲ་མཉམ་དང་། མི་རིགས་མཐུན་སྒྲིལ། མི་རིགས་ས་ཁོངས་རང་སྐྱོང་། མི་རིགས་ཁག་ཐུན་མོང་ཐོག་དར་རྒྱས་བཅས་ནང་དོན་གཙོ་བོར་བྱས་པའི་མི་རིགས་ཀྱི་རིགས་པའི་གཞུང་ལུགས་དང་མི་རིགས་ལས་དོན་གྱི་བྱེད་ཕྱོགས་དང་སྲིད་ཇུས་གཏན་འཁེལ་གནང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འོག་མི་རིགས་ཁག་ལ་དོན་སྙིང་དངོས་འབྲེལ་ལྡན་པའི་འདྲ་མཉམ་དང་། མཐུན་སྒྲིལ། ཡར་ཐོན་བཅས་མངོན་འགྱུར་བྱུང་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་གཙོ་རྐང་དེར་དམ་པོར་དམིགས་ནས་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་ཇུས་འགོད་དང་བཀོད་སྒྲིག་གནང་ཡོད། མི་རིགས་རང་སྐྱོང་ས་གནས་སུ་ཡོད་པའི་རྫོང་དབུལ་པོ་420ཚང་མ་དབུལ་སྒྲོལ་ཐུབ་པ་དང་། མི་འབོར་ཅུང་ཉུང་བའི་མི་རིགས་28ཚང་མ་དབུལ་སྒྲོལ་ཐུབ་པ། མི་རིགས་ས་ཁུལ་གྱིས་རྒྱལ་ཡོངས་དང་མཉམ་དུ་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་བླངས་ཐུབ་པ་དང་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་ཐུབ་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་སྐྲུན་པའི་རྒྱང་ལམ་གསར་པར་བསྐྱོད་ཐུབ་པ་བཅས་བྱུང་སྟེ། རང་རྒྱལ་གྱི་གྲངས་ཉུང་མི་རིགས་ཀྱི་རྣམ་པ་དང་། མི་རིགས་ས་ཁུལ་གྱི་རྣམ་པ། མི་རིགས་འབྲེལ་བའི་རྣམ་པ། ཀྲུང་ཧྭ་མི་རིགས་ཀྱི་རྣམ་པ་བཅས་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་ཆེན་པོ་བྱུང་ཡོད།

    ལོ་བརྒྱ་ལྷག་ཙམ་གྱི་ཏང་གི་ལོ་རྒྱུས་ལ་ཕྱིར་མིག་ལྟ་སྐབས། ཏང་གི་མི་རིགས་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ཆེ་ཤོས་ནི་མར་ཁེ་སི་རིང་ལུགས་ཀྱི་མི་རིགས་རིགས་པའི་གཞུང་ལུགས་དེ་ཀྲུང་གོའི་མི་རིགས་གནད་དོན་གྱི་ཞིབ་ཕྲའི་དོན་དངོས་དང་ཟུང་འབྲེལ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་མི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་ཡང་དག་ལམ་བུར་བསྐྱོད་པ་དེ་རེད། ལམ་བུ་འདིའི་ཐོག་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་གནང་ནས་མི་རིགས་རང་བཙན་དང་མི་དམངས་བཅིངས་འགྲོལ་མངོན་འགྱུར་བྱས་པ་དང་། མི་རིགས་ཁག་དབར་གྱི་འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། འཆམ་མཐུན་བཅས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་བའི་རྣམ་པ་གསར་པ་བཏོད་པ་མ་ཟད། མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་གྲངས་ཉུང་མི་རིགས་མང་ཚོགས་ཀྱི་འཚོ་བར་སྔར་བྱུང་མ་མྱོང་བའི་ཡར་རྒྱས་འགྲོ་བར་སྐུལ་འདེད་བཏང་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཆེན་པོ་མངོན་འགྱུར་བྱེད་ཐུབ་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱིས་མི་རིགས་ཁག་གོང་བུ་གཅིག་སྒྲིལ་དང་། མི་རིགས་ཁག་འཕེལ་རྒྱས་གཏོང་བ། མི་རིགས་ཁག་དར་རྒྱས་གཏོང་བ་བཅས་བྱེད་ཐུབ་པས། མི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་ལམ་བུ་ནི་རྦད་དེ་ཡང་དག་པ་ཞིག་ཡིན་པ་ལོ་རྒྱུས་དང་ལག་ལེན་ལས་ར་སྤྲོད་གང་ལེགས་ཐུབ་ཡོད།

    ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེན་པོ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་འདུ་ཤེས་ནན་བཤད་བྱས་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་དེ་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་གཙོ་རྐང་དང་མི་རིགས་ས་ཁུལ་གྱི་ལས་དོན་ཁག་གི་གཙོ་རྐང་དུ་བརྩི་དགོས་ལུགས་སོགས་ཁ་གསལ་བཏོན་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་གཅིག་རྒྱུན་གཅིག་འཛིན་དང་དུས་བསྟུན་འཕེལ་རྒྱས་ཀྱི་སྒོ་ནས་ཏང་གི་མི་རིགས་རིགས་པའི་གཞུང་ལུགས་དང་མི་རིགས་སྲིད་ཇུས་ལག་ལེན་བསྟར་ཏེ་མི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་ཡང་དག་ལམ་བུ་སྔར་བས་རྒྱ་སྐྱེད་དུ་བཏང་བས་མི་རིགས་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་གྲུབ་ཡོད། དགོངས་པ་གལ་ཆེན་འདིས་ཏང་གི་མི་རིགས་ལས་དོན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་གསར་པ་ཐོབ་རྒྱུར་ཁྲིད་སྟོན་བྱས་པ་དང་མར་ཁེ་སི་རིང་ལུགས་ཀྱི་མི་རིགས་རིགས་པའི་གཞུང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་སྒྱུར་བའི་གནས་ཚད་གསར་པ་བཏོད་ཅིང་། དེ་ནི་ཏང་གི་མི་རིགས་ལས་དོན་གྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་བློ་གྲོས་ཀྱི་སྙིང་བཅུད་དང་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་རྩ་བའི་གཞི་འཛིན་ས་ཞིག་ཡིན་པས། ང་ཚོས་སློབ་སྦྱོང་དང་གོ་བ་ནན་ཏན་ལེན་པ་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་དགོས།

    མི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་ལམ་བུ་ནི་ལོ་རྒྱུས་ལ་བརྩི་འཇོག་དང་། རྒྱལ་བབ་དང་མཐུན་པ། མི་སེམས་དང་བསྟུན་པ་བཅས་ཀྱི་གདམ་ག་ཡང་དག་ཅིག་ཡིན་པས་ཁྱད་འཕགས་རང་བཞིན་མངོན་གསལ་དོད་པོ་ལྡན་ཡོད། བགྲོད་ལམ་འདིས་ཀྲུང་ཧྭ་མི་རིགས་ཀྱི་རྩ་བའི་ཁེ་ཕན་དང་ཁྱོན་ཡོངས་ཀྱི་ཁེ་ཕན་ལ་དམིགས་ཏེ་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་མི་རིགས་ཁག་གོང་བུ་གཅིག་ཏུ་བསྒྲིལ་ཏེ། མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བར་བྱས་ཡོད་པ་དང་། བགྲོད་ལམ་འདིས་མི་རིགས་ཁག་ཚང་མ་འདྲ་མཉམ་ཡིན་པ་མཐའ་འཁྱོངས་ཀྱིས་མི་རིགས་ཀྱི་གཉའ་གནོན་དང་མི་རིགས་ཀྱི་མཐོང་ཆུང་ལ་ངོ་རྒོལ་བྱས་ཏེ། མི་རིགས་ཁག་གི་མི་དམངས་ལ་འདྲ་མཉམ་གྱི་ཆབ་སྲིད་དབང་ཆ་དངོས་སུ་ཐོབ་པ་དང་ཐུན་མོང་ཐོག་རང་ཁྱིམ་རང་བདག་ཡོང་བའི་འགན་ལེན་བྱས་ཡོད་པ། བགྲོད་ལམ་འདིས་རྒྱལ་ཁབ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་ས་ཁོངས་རང་སྐྱོང་ལག་བསྟར་བྱེད་པའི་དབར་གྱི་འབྲེལ་བ་སྟངས་འཛིན་ཡང་དག་དང་སྲུང་སྐྱོང་བྱས་ནས་གཅིག་གྱུར་དང་རང་སྐྱོང་ཟུང་འབྲེལ་དང་མི་རིགས་ཀྱི་རྒྱུ་རྐྱེན་དང་ས་ཁོངས་ཀྱི་རྒྱུ་རྐྱེན་ཟུང་འབྲེལ་མཐའ་འཁྱོངས་བྱས་ཏེ། ཀྲུང་ཧྭ་མི་རིགས་མོས་སེམས་སྔར་ལས་ཆེ་བ་དང་གོང་བུ་འགྲིལ་ཤུགས་སྔར་ལས་ཆེ་བའི་ལས་དབང་གཅིག་མཐུན་ཚོགས་པ་ཞིག་ཏུ་འགྱུར་བར་སྐུལ་འདེད་བཏང་ཡོད། འབྱུང་འགྱུར་ལ་ཕྱོགས་སྐབས། མི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་ཡང་དག་ལམ་བུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་གཙོ་རྐང་དུ་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ། དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས།

    “ང་ཚོས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་མཐུན་སྒྲིལ་འབད་འཐབ་ལ་བརྟེན་ནས་ལོ་རྒྱུས་དེབ་ཐེར་ཐོག་བཀྲག་མདངས་འཚེར་བའི་གྲུབ་འབྲས་རླབས་པོ་ཆེ་བཏོད་ཡོད་ལ། ཕྱིས་འབྱུང་ཡང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་མཐུན་སྒྲིལ་འབད་འཐབ་ལ་བརྟེན་ནས་འོད་སྟོང་གསར་པ་མུ་མཐུད་གཏོད་དགོས”བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ལྷག་པར་དུ་མི་རིགས་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་སེམས་མཐུན་སྟོབས་སྒྲིལ་དང་འབད་འཐབ་ཡར་བརྩོན་བྱས་ཚེ། མི་རིགས་ཁག་མཐུན་སྒྲིལ་ཆེ་མོའི་ཀྲུང་གོ་འདི་ཉིད་ནམ་ཡང་ཀུན་ལས་རྣམ་པར་རྒྱལ་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།