ལྷོ་ཆུ་བྱང་འདྲེན་གྱི་དབུས་རྒྱུད་ལས་གྲྭས་རིམ་རྩིས་བྱས་ན་ཐེན་ཅིན་ལ་ཆུ་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་བརྒྱ་ལྷག་ཙམ་དྲངས་པ།
གསར་འགོད་པར་ཀྲུང་གོ་ལྷོ་ཆུ་བྱང་འདྲེན་ཚོགས་པ་ཚད་ཡོད་ཀུང་སི་དང་ཐེན་ཅིན་གྲོང་ཁྱེར་ཆུ་དོན་ཅུས་ནས་ཤེས་རྟོགས་བྱུང་བར། ཟླ་9ཚེས་10ཉིན་བར་ལྷོ་ཆུ་བྱང་འདྲེན་གྱི་དབུས་རྒྱུད་ལས་གྲྭས་རིམ་རྩིས་བྱས་ན་ཐེན་ཅིན་གྲོང་ཁྱེར་ལ་ཆུ་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་བརྒྱ་ལྷག་ཙམ་དྲངས་པ་དང་། ཐེན་ཅིན་གྲོང་ཁྱེར་གྱི་སྲིད་འཛིན་ཁུལ་16ནང་15ཡིས་ལྷོ་ཆུ་བྱང་འདྲེན་གྱི་ཆུ་བེད་སྤྱོད་བཏང་བས། མི་ཁྲི་1300ལྷག་ཙམ་ལ་ཕན་པ་ཐོབ་ཡོད། རྒྱུན་མི་ཆད་པའི་ལྷོ་ཆུ་བྱང་འདྲེན་ལས་ཐེན་ཅིན་གྲོང་ཁྱེར་གྱི་ཆུ་མཁོ་འདོན་གྱི་རྣམ་པ་ལེགས་སུ་ཤུགས་ཆེན་ཕྱིན་པ་དང་ཆུའི་ཐོན་ཁུངས་དཀོན་པའི་རྣམ་པ་ཞི་ལྷོད་ནུས་ལྡན་བྱུང་ནས་ཆུ་མཁོ་འདོན་འགན་ལེན་ཐུབ་ཚད་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད།
ངོ་སྤྲོད་བྱས་པར་གཞིགས་ན། 2014ལོའི་ཟླ་12ཚེས་12ཉིན་ལྷོ་ཆུ་བྱང་འདྲེན་དབུས་རྒྱུད་ཀྱི་ཐེན་ཅིན་གྱི་ཆུ་ལམ་ཨ་མ་དང་ཐེན་ཅིན་གྲོང་ཁྱེར་ནང་ཁུལ་གྱི་ལེ་ལག་ཚང་བའི་ལས་གྲྭར་དུས་གཅིག་ཏུ་ཆུ་གཏོང་ཐུབ་ནས་ཐེན་ཅིན་གྲོང་ཁྱེར་ཡོངས་ཀྱི་ཆུ་མཁོ་འདོན་གྱི་བདེ་འཇགས་འགན་ལེན་ནུས་ལྡན་ཐུབ་པ་དང་། ཆུའི་ཐོན་ཁུངས་ཀྱི་བཀོད་སྒྲིག་རྣམ་པ་ལེགས་སུ་ཤུགས་ཆེན་ཕྱིན་པ། ཐེན་ཅིན་གྲོང་ཁྱེར་གྱི་ཆུའི་སྐྱེ་ཁམས་ཁོར་ཡུག་ཁྱོན་ཡོངས་ནས་ལེགས་སུ་འགྲོ་བར་སྐུལ་ཁྲིད་ཐུབ་པ་བཅས་བྱུང་ནས་ལོན་ཧོ་ཆུ་བོ་ཐེན་ཅིན་དུ་དྲངས་པའི་ལས་གྲྭའི་རྗེས་ཀྱི་ཐེན་ཅིན་གྲོང་ཁྱེར་གྱི་ཆུ་མཁོ་འདོན་གྱི་སྲོག་ཐིག་གཞན་ཞིག་ཏུ་གྱུར་ཡོད་པ་རེད།