འཛམ་གླིང་ཤེས་རིག་བདག་དབང་རྩ་འཛུགས་ཀྱིས་བརྗོད་དོན།
ཀྲུང་གོ་ནི་ལོ་བཅུའི་རིང་གསར་གཏོད་ནུས་པ་ཆེ་རུ་འགྲོ་མགྱོགས་ཤོས་ཀྱི་དཔལ་འབྱོར་དངོས་ཚན་གྱི་གྲས་ཤིག་རེད།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་རི་ནེ་ཝ་ནས་གློག་འཕྲིན་འབྱོར་གསལ། ཚེས་26ཉིན་འཛམ་གླིང་ཤེས་རིག་བདག་དབང་རྩ་འཛུགས་ཀྱིས་ཁྱབ་བསྒྲགས་བྱས་པའི《2024ལོའི་གོ་ལ་ཧྲིལ་པོའི་གསར་གཏོད་སྟོན་གྲངས(GII)སྙན་ཞུ》ཡི་ནང་གོ་ལ་ཧྲིལ་པོའི་ཐོག་གི་ཀྲུང་གོའི་གསར་གཏོད་ནུས་པའི་མིང་གྲལ་དེ་ན་ནིང་ལས་ཨང་གནས་གཅིག་འཕར་ཏེ་ཨང་བཅུ་གཅིག་པར་སླེབས་པ་ནི་ལོ་བཅུའི་རིང་གི་གསར་གཏོད་ནུས་པ་ཆེ་རུ་འགྲོ་མགྱོགས་ཤོས་ཀྱི་དཔལ་འབྱོར་དངོས་ཚན་གྱི་གྲས་ཤིག་ཡིན་པ་མངོན་ཡོད།
སྙན་ཞུ་དེའི་ནང་གོ་ལ་ཧྲིལ་པོའི་དཔལ་འབྱོར་དངོས་ཚན་130ལྷག་ཙམ་གྱི་གསར་གཏོད་སྐྱེ་ཁམས་མ་ལག་གི་མཚོན་ཚུལ་ལ་ཚོད་སྐོར་བྱས་ཤིང་། མིང་གྲལ་གསར་ཤོས་ལས་མངོན་པར། གོ་ལ་ཧྲིལ་པོའི་གསར་གཏོད་ནུས་པ་ཆེ་ཤོས་ལྡན་པའི་དཔལ་འབྱོར་དངོས་ཚན་10ནི་སུའེ་ཙེར་དང་། སུའེ་ཏེན། ཨ་རི། སིང་ཀ་ཕོར། དབྱིན་ཇི། ཧན་གོ ཧྥིན་ལན། ཧོ་ལན། འཇར་མན། ཏེན་མག་བཅས་སོ་སོ་རེད།
སྙན་ཞུའི་ནང་ད་དུང་ཀྲུང་གོ་ནི་གོ་ལ་ཧྲིལ་པོའི་གསར་གཏོད་སྟོན་གྲངས་ཀྱི་མིང་གྲལ་ཏེ། ཨང་དང་པོ་ནས་30བར་གྱི་དཔལ་འབྱོར་དངོས་ཚན་ཁྲོད་ཀྱི་ཡོང་འབབ་འབྲིང་རིམ་གྱི་དཔལ་འབྱོར་དངོས་ཚན་འབའ་ཞིག་དེ་ཡིན་པ་དང་། གོ་ལ་ཧྲིལ་པོའི་ཚན་རྩལ་གསར་གཏོད་ཁྱུ་ཚོགས་རྩེ་གྲ་26ཡོད་པ་དེ་འཛམ་གླིང་གི་ཨང་དང་པོར་སླེབས་ཡོད། སྟོན་གྲངས་དེའི་གསར་གཏོད་དམིགས་ཚད་78ཁྲོད་ཀྱི་ཀྲུང་གོའི་དམིགས་ཚད་8ཡོད་པ་དེ་ཨང་དང་པོར་སླེབས་ཡོད་པ་མངོན་ཡོད།
འཛམ་གླིང་ཤེས་རིག་བདག་དབང་རྩ་འཛུགས་ཀྱིས་གོ་ལ་ཧྲིལ་པོའི་གསར་གཏོད་དུས་བབ་ཐད་འབྱུང་འགྱུར་གསར་གཏོད་བྱེད་སྒོའི་དམིགས་ཚད་གཙོ་བོ་ཉམས་རྒུད་དུ་འགྲོ་ཚབས་ཆེ་རུ་འགྲོ་རྒྱུ་ཡིན་ཞིང་། 2023ལོར་ཉེན་ཁའི་མ་འཇོག་དང་། རྒྱལ་སྤྱིའི་ཆེད་ཁེ་འདུན་ཞུ་བྱེད་ཚད། ཚན་རིག་གི་པར་སྐྲུན་ཡིག་རིགས་ཀྱི་གྲངས་འབོར་བཅས་ཆག་པ་མ་ཟད། ཞིབ་སྤེལ་གྱི་གཏོང་སྒོ་འཕར་ཚད་ཀྱང་ཅུང་འགོར་དུ་ཕྱིན་ཡོད་ཅེས་བརྗོད་པ་རེད།
འཛམ་གླིང་ཤེས་རིག་བདག་དབང་རྩ་འཛུགས་ཀྱི་སྤྱི་ཁྱབ་ཀན་ཧྲི་ཏེང་ཧུང་སེན་གྱིས། དེ་ལྟར་ཡིན་ཡང་2023ལོའི་ལག་རྩལ་སྔར་བཞིན་ཡར་རྒྱས་ཆེན་པོ་བྱུང་བ་དང་ལྷག་པར་དུ་རྒྱུད་གྲུབ་རིམ་འཇལ་དང་། རྩིས་རྒྱག་ནུས་པ། གློག་སྒུལ་འཁོར་རིགས་ཀྱི་གློག་རྫས་སོགས་ཁྱབ་ཁོངས་སྔར་བས་ཡར་རྒྱས་ཕྱིན་པ་དང་། 5Gདང་། འཕྲུལ་མི། གློག་སྒུལ་རླངས་འཁོར་སོགས་ཁྱབ་ཁོངས་ཀྱི་ལག་རྩལ་བཀོལ་སྤྱོད་ཀྱང་གཏིང་ཟབ་ཏུ་འགྲོ་བཞིན་ཡོད། གཞན་ཡང་འདི་ལོའི་གོ་ལ་ཧྲིལ་པོའི་གསར་གཏོད་སྟོན་གྲངས་ཀྱི་འགག་རྩའི་དམིགས་ཚད་ཁག་གཅིག་ཐད་ཕན་སྐྱེད་ཀྱི་འཕེལ་ཕྱོགས་མངོན་པའི་གྲས་སུ་གོ་ལ་ཧྲིལ་པོའི་དབུལ་པོར་འགྱུར་ཚད་ཆག་པ་དང་། ངལ་རྩོལ་ཐོན་སྐྱེད་ཀྱི་ལས་ཆོད་ཆེ་རུ་ཕྱིན་པ། སྔོན་དཔག་ཚེ་ཚད་རིང་དུ་ཕྱིན་པ་སོགས་ཚུད་ཡོད།