ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ནས།
མིག་སྔའི་དཔལ་འབྱོར་གྱི་དུས་བབ་དང་དཔལ་འབྱོར་ལས་དོན་ལ་དབྱེ་ཞིབ་དང་ཞིབ་འཇུག་བྱས་པ།
ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་26ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ནས་མིག་སྔའི་དཔལ་འབྱོར་གྱི་དུས་བབ་ལ་དབྱེ་ཞིབ་ཞིབ་འཇུག་བྱས་པ་མ་ཟད། གོམ་སྟབས་རྗེས་མའི་དཔལ་འབྱོར་ལས་དོན་བཀོད་སྒྲིག་ཀྱང་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ཚོགས་འདུའི་ཐོག་ངོས་འཛིན་བྱས་དོན། འདི་ལོ་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་འགག་སྒྲོལ་དཀའ་སེལ་དང་བབ་བརླིང་ངང་ཁ་གཏད་འཇལ་བ་དང་སྤྱི་ཁོག་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་བ་མ་ཟད། སྒྱུར་བཅོས་སྒོ་དབྱེ་ཟབ་ཏུ་གཏོང་བ་དང་། རྒྱལ་ནང་གི་དགོས་མཁོ་རྒྱ་ཆེར་གཏོང་བ། དཔལ་འབྱོར་གྱི་གྲུབ་ཆ་ལེགས་སུ་གཏོང་བ་བཅས་ལ་ཤུགས་སྣོན་བརྒྱབ་པར་བརྟེན་དཔལ་འབྱོར་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་པོ་དང་བརྟན་ཐོག་ཡར་འཕེལ་བྱུང་བ་དང་། ཐོན་སྐྱེད་ནུས་ཤུགས་གསར་མ་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་པ། དམངས་འཚོ་འགན་ལེན་ཏན་ཏིག་ནུས་ལྡན་བྱུང་བ། གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་སྔོན་འགོག་དང་སེལ་བར་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་མ་ཏན་ཏིག་ཐེབས་པ། སྤྱི་ཚོགས་ཀྱི་དུས་བབ་བརྟན་ལྷིང་རྒྱུན་འཁྱོངས་བཅས་ཀྱི་རྣམ་པ་བཟང་པོ་ཐོན་ཡོད།
ཚོགས་འདུའི་ཐོག་བསྟན་དོན། རང་རྒྱལ་དཔལ་འབྱོར་གྱི་གཞི་རྩའི་རྣམ་པ་དང་དེ་བཞིན་ཁྲོམ་ར་རྒྱ་ཆེ་བ་དང་། དཔལ་འབྱོར་གྱི་མཉེན་ཤུགས་ཆེ་བ། མི་མངོན་པའི་སྟོབས་ཤུགས་ཆེ་བ་སོགས་ཀྱི་ཕན་ཡོད་མཐུན་རྐྱེན་ལ་འགྱུར་ལྡོག་བྱུང་མེད། དུས་མཚུངས་སུ་མིག་སྔའི་དཔལ་འབྱོར་འཁོར་སྐྱོད་ཐད་གནས་ཚུལ་དང་གནད་དོན་གསར་པ་ཁ་ཤས་ཐོན་ཡོད། མིག་སྔའི་དཔལ་འབྱོར་དུས་བབ་ལ་ཕྱོགས་ཡོངས་དང་། དྲང་གཞག བབ་བརླིང་བཅས་ཀྱི་སྒོ་ནས་ལྟ་སྟངས་འཛིན་པ་དང་དཀའ་ངལ་ལ་དམིགས་པ་དང་གདེང་ཚོད་བརྟན་དུ་བཏང་ནས་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲིའི་བསམ་པ་དང་དགོས་གཏུགས་ཀྱི་བསམ་པ་ཆེ་རུ་ཏན་ཏིག་གཏོང་དགོས། གཙོ་གནད་དམ་འཛིན་དང་རང་འགུལ་ངང་བྱ་སྤྱོད་སྤེལ་བ་དང་། གསོག་འབོར་སྲིད་ཇུས་དོན་འཁྱོལ་ནུས་ལྡན་བྱེད་པ། འཕར་འབོར་སྲིད་ཇུས་བཟོ་བར་ཤུགས་སྣོན་རྒྱག་པ། སྲིད་ཇུས་བྱ་ཐབས་ཀྱི་དམིགས་སའི་རང་བཞིན་དང་ནུས་ཆེའི་རང་བཞིན་སྔར་བས་ཆེ་རུ་གཏོང་བ་བཅས་བྱས་ནས་ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་ཧུར་ཐག་སྒྲུབ་དགོས།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ནོར་སྲིད་དང་དངུལ་ལོར་སྲིད་ཇུས་ཀྱི་དུས་འཁོར་ལས་ལྡོག་པའི་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་དགོས་ངེས་ཀྱི་ནོར་སྲིད་གཏོང་སྒོ་འགན་ལེན་བྱས་ཏེ་གཞི་རིམ་གྱི“འགན་ལེན་གསུམ”གྱི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས། ཡུན་ཚད་རིང་བའི་དམིགས་བསལ་རྒྱལ་བུན་དང་ས་གནས་སྲིད་གཞུང་གི་ཆེད་དམིགས་བུ་ལོན་འགྲེམས་སྤེལ་དང་བེད་སྤྱོད་ཡག་པོ་བྱས་ཏེ་སྲིད་གཞུང་གི་མ་འཇོག་སྣེ་ཁྲིད་ནུས་པ་ཡག་པོ་འདོན་དགོས། བཅོལ་དངུལ་གྲབས་གསོག་དངུལ་ཚད་དམའ་རུ་བཏང་སྟེ་སྐྱེད་ཀ་གཅོག་ཤུགས་ཆེ་རུ་གཏོང་དགོས། ས་ཁང་བདག་ཁོངས་ཁྲོམ་ར་ཉམས་པ་ནས་བརྟན་པོར་ལོག་རྒྱུར་སྐུལ་འདེད་བཏང་ནས་ཚོང་སྒྱུར་ཁང་པ་བསྐྲུན་པའི་ཐད་འཕར་ཚད་ཚོད་འཛིན་ནན་པོ་དང་། གསོག་གྲངས་ལེགས་སྒྱུར། སྤུས་ཚད་མཐོར་གཏོང་བཅས་བྱས་ཏེ“མིང་ཐོ་དཀར་པོའི”རྣམ་གྲངས་ལ་དངུལ་བུན་གཏོང་ཤུགས་ཆེ་རུ་གཏོང་བ་དང་བེད་མེད་ས་ཆ་གསོག་ཐེབས་ཕན་སྒྱུར་ལ་རྒྱབ་སྐྱོར་བྱེད་དགོས། མང་ཚོགས་ཀྱི་དོ་ཁུར་ལ་ལན་རྒྱག་པ་དང་། སྡོད་ཁང་ཉོ་སྒྲུབ་ཚོད་འཛིན་གྱི་སྲིད་ཇུས་ལེགས་སྒྲིག་བྱེད་པ། གསོག་ཐེབས་ཁང་པའི་དངུལ་བུན་གྱི་སྐྱེད་ཀ་དམའ་རུ་གཏོང་བ། ས་ཆ་དང་། ནོར་ཁྲལ། དངུལ་རྩ་སོགས་ཀྱི་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་རྒྱུར་དམ་འཛིན་བཅས་བྱས་ནས་ས་ཁང་བདག་ཁོངས་འཕེལ་རྒྱས་ཀྱི་བྱེད་ཐབས་གསར་པ་གཏོད་པར་སྐུལ་འདེད་གཏོང་དགོས། མ་རྩའི་ཁྲོམ་རའི་གསོན་ཤུགས་འཕེལ་བར་བྱེད་པ་དང་དུས་ཡུན་རིང་འབྲིང་གི་མ་དངུལ་ཁྲོམ་རར་ཞུགས་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ཏེ་སྤྱི་ཚོགས་འགན་བཅོལ་དང་། འགན་བཅོལ། རྒྱུ་ནོར་བདག་གཉེར་སོགས་ཀྱི་མ་དངུལ་ཁྲོམ་རར་ཞུགས་པའི་འགག་གནད་ཤར་གཏོང་ཐུབ་པར་བྱེད་དགོས། ཁྲོམ་ཞུགས་ཀུང་སིས་མཉམ་ཉོ་བསྐྱར་སྒྲིག་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་། སྤྱི་སློང་ཐེབས་རྩ་སྒྱུར་བཅོས་ལ་སྐུལ་འདེད་བརྟན་པོ་གཏོང་བ། མ་དངུལ་འཇོག་མཁན་འབྲིང་ཆུང་ལ་སྲུང་སྐྱོང་བྱེད་པའི་སྲིད་ཇུས་བྱེད་ཐབས་ཞིབ་འཇུག་བྱས་ནས་བཟོ་བ་བཅས་བྱེད་དགོས།
ཚོགས་འདུའི་ཐོག་བསྟན་དོན། ཁེ་ལས་དཀའ་ངལ་ལས་སྒྲོལ་རྒྱུར་རོགས་རམ་བྱས་ཏེ་ཁེ་ལས་དང་འབྲེལ་བ་ཡོད་པའི་ཁྲིམས་སྒྱུར་དང་ལྟ་སྐུལ་དོ་དམ་བྱ་སྤྱོད་སྔར་བས་ཚད་ལྡན་དུ་གཏོང་དགོས། དམངས་གཉེར་དཔལ་འབྱོར་ལ་སྐུལ་འདེད་གཏོང་བའི་བཅའ་ཁྲིམས་བཟོས་ནས་སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་འཕེལ་རྒྱས་གཏོང་བར་ཁོར་ཡུག་བཟང་པོ་བསྐྲུན་དགོས། འཛད་སྤྱོད་ལ་སྐུལ་འདེད་གཏོང་བ་དང་དམངས་འཚོར་ཕན་འདོགས་པ་ཟུང་འབྲེལ་བྱས་ཏེ་ཡོང་འབབ་དམའ་འབྲིང་གི་ཚོགས་སྤྱིའི་ཡོང་འབབ་འཕར་བར་སྐུལ་འདེད་གཏོང་བ་དང་འཛད་སྤྱོད་གྲུབ་ཆ་ལེགས་སུ་གཏོང་དགོས། འཛད་སྤྱོད་ཀྱི་ལས་རྣམ་གསར་པ་སྐྱེད་སྲིང་བྱེད་དགོས། སྤྱི་ཚོགས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་རྒན་གསོ་དང་བཅོལ་གསོའི་ཐོན་ལས་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་དང་ཚད་ལྡན་དུ་བཏང་ནས་བུ་བཙའི་རྒྱབ་སྐྱོར་སྲིད་ཇུས་མ་ལག་འཐུས་སྒོ་ཚང་དུ་གཏོང་བར་དམ་འཛིན་བྱེད་དགོས། མ་རྩ་ནང་འདྲེན་དང་མ་རྩ་བརྟན་པོ་ཡོང་བར་ཤུགས་སྣོན་རྒྱག་དགོས་ལ། བཟོ་སྐྲུན་ལས་རིགས་ཁྱབ་ཁོངས་ཀྱི་ཕྱི་ཕྱོགས་མ་དངུལ་འཇུག་འཐུས་སོགས་ཀྱི་སྒྱུར་བཅོས་བྱེད་ཐབས་ལ་སྐུལ་འདེད་གཏོང་བ་དང་ལག་བསྟར་བྱ་རྒྱུར་དམ་འཛིན་བྱས་ནས་ཁྲོམ་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་སྔར་བས་ལེགས་སུ་གཏོང་དགོས།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། དམངས་འཚོའི་མཐའ་ཚད་བརྟན་པོར་བསྲུངས་ནས་ལོ་འདི་གའི་མཐོ་སློབ་སློབ་ཐོན་སློབ་མ་དང་། ཞིང་པ་ལས་མི། དབུལ་སྒྲོལ་མི་འབོར། ལས་ཞུགས་པ་མེད་པའི་ཁྱིམ་ཚང་སོགས་གཙོ་གནད་མི་ཚོགས་ཀྱི་ལས་ཞུགས་ལས་དོན་གཙོ་གནད་ཐོག་ཡག་པོ་སྒྲུབ་དགོས་ལ། ལོ་ན་ཆེ་བ་དང་། དབང་པོ་སྐྱོན་ཅན། ལས་ཀ་ཤོར་ནས་ཡུན་རིང་སོང་བ་སོགས་ལས་ཞུགས་ཐད་དཀའ་ངལ་འཕྲད་པའི་ཚོགས་སྤྱིར་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། ཡོང་འབབ་དམའ་བའི་མི་འབོར་ལ་རོགས་སྐྱོར་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། བཟའ་བཅའ་དང་ཆུ་གློག་རླངས་དྲོད་སོགས་དངོས་ཟོག་མཁོ་འདོན་གྱི་རིན་གོང་བརྟན་པོ་ཡོང་བར་དམ་འཛིན་བྱེད་དགོས། འབྲུ་རིགས་དང་ཞིང་ལས་ཐོན་སྐྱེད་ལ་དམ་འཛིན་ཏན་ཏིག་བྱེད་པ་དང་། ཞིང་པའི་འབབ་འཕར་ལ་སེམས་ཁུར་བྱེད་པ། སྟོན་དགུན་ཐོན་སྐྱེད་དམ་འཛིན་ཡག་པོ་བཅས་བྱས་ཏེ་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་ལེན་བྱེད་དགོས།
ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་ལས་དོན་ཧུར་ཐག་སྒྲུབ་པ་དང་ཀུན་སེམས་གཅིག་ཏུ་སྒྲིལ་ནས་སྤྱི་ཚོགས་ཡོངས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་འཕེལ་བར་བྱས་ཏེ་དཔལ་འབྱོར་རྒྱུན་མཐུད་ལེགས་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་འགན་འཁྲི་ཁུར་ཕོད་པ་དང་གསར་གཏོད་བྱེད་ཕོད་པ་བྱས་ཏེ་འགག་སྒྲོལ་དཀའ་སེལ་ཁྲོད་འཇོན་ཐང་འཕེལ་ཐུབ་པ་དང་ལས་རྗེས་ཐོན་པར་བྱེད་དགོས། མི་འདེམས་མི་སྤྱོད་ཀྱི་སྤྱོད་ཚུལ་བཟང་པོ་འཛུགས་པ་དང“དབྱེ་བ་འབྱེད་དགོས་པ་གསུམ”དོན་འཁྱོལ་ནན་ཏན་བྱས་ཏེ་འཁུར་ལེན་མཁན་ལ་འགན་ཁུར་བ་དང་ལས་ཀ་བྱེད་མཁན་ལ་རྒྱབ་སྐྱོར་བྱེད་དགོས། དཔལ་འབྱོར་ཞིང་ཆེན་ཆེན་པོས་འགན་ལྕི་པོ་འཁུར་བར་རྒྱབ་སྐྱོར་བྱས་ནས་སྣེ་ཁྲིད་དང་ཀ་རྟེན་གྱི་ནུས་པ་ཡག་པོ་འདོན་དགོས།