ཅ་ལེ་ཡོན་ཁུལ་ཆུང་གི་མེ་སྐྱོན་ལས་འཛོལ་ཚབས་ཆེན་གྱི་བརྟག་དཔྱད་སྙན་ཞུ་ཁྱབ་བསྒྲགས་བྱས་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། 2024ལོའི་ཟླ་1ཚེས་24ཉིན་གྱི་ཆུ་ཚོད་15དང་སྐར་མ་22ཙམ་ལ་ཅང་ཤིས་ཞིང་ཆེན་ཤིན་ཡུས་གྲོང་ཁྱེར་ཡུས་ཧྲུའེ་ཆུས་ཅ་ལེ་ཡོན་ཁུལ་ཆུང་གི་ཁྲོམ་གཞུང་འགྲམ་གྱི་ཚོང་སྡོད་ཕྱོགས་བསྡུས་ཐོག་བརྩེགས་ཁང་ཆེན་དུ་མེ་སྐྱོན་ཚབས་ཆེན་ཐོན་ནས། མི་39རྐྱེན་ལམ་དུ་ཤོར་བ་དང་མི་9ལ་རྨས་སྐྱོན་ཕོག་ནས་ཐད་ཀའི་དཔལ་འབྱོར་གྱོང་གུན་སྒོར་ཁྲི་4352.84བཟོས་ཡོད་པ་རེད། ཉིན་ཤས་གོང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུའི་ཐོག་ཅང་ཤིས་ཤིན་ཡུས་ཅ་ལེ་ཡོན་ཁུལ་ཆུང་གི་ཁྲོམ་གཞུང་འགྲམ་གྱི་ཚོང་ཁང་གི“1·24”མེ་སྐྱོན་ཚབས་ཆེན་གྱི་བརྟག་དཔྱད་སྙན་ཞུར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བརྟག་དཔྱད་ཚོགས་ཆུང་གིས་བརྟག་དཔྱད་བྱས་པ་བརྒྱུད། དེ་ནི་གནད་དོན་དེ་དང་འབྲེལ་བ་ཡོད་པའི་ཁང་བདག་གིས་ཁྲིམས་འགལ་སྒྲིག་འགལ་ངང་ཚོང་སྡོད་ཕྱོགས་བསྡུས་ཐོག་བརྩེགས་ཁང་ཆེན་གྱི་ས་འོག་ཐོག་སོ་དང་པོའི་སྤྱོད་སྒོར་འགྱུར་ལྡོག་བཏང་ནས་བོགས་གཏོང་གཉེར་སྐྱོང་བྱས་པ་ཞིག་ཡིན་པ་དང་། འཁྱགས་མཛོད་འཛུགས་སྐྲུན་ཨར་ལས་ཚན་པས་སྒྲིག་འགལ་ངང་འཁྱགས་མཛོད་སྐྲུན་སྐབས་མེ་ཤོར་བ་རེད། གནད་དོན་དེ་དང་འབྲེལ་བ་ཡོད་པའི་སྐྲུན་དངོས་ལ་སྔར་ནས་མེ་ཟོན་དབྱེ་མཚམས་ཀྱི་སྐྱོན་ཚབས་ཆེན་ལྡན་པ་དང་། སློབ་གསོ་གསོ་སྦྱོང་སྒྲིག་གཞི་དང་མགྲོན་ཁང་གིས་སྒྲིག་འགལ་ངང་གཉེར་སྐྱོང་བྱས་པ། ཁོངས་གཏོགས་ཁུལ་གྱི་འབྲེལ་ཡོད་སྡེ་ཚན་གྱི་ཆེད་ལས་ལྟ་འདོམས་དང་ལས་རིགས་དོ་དམ་ཐད་འགན་འཛོལ་དང་ལས་གནས་སྟོང་པར་ལུས་པ། ས་གནས་ཏང་ཨུད་དང་སྲིད་གཞུང་གི་བདེ་འཇགས་འགོ་ཁྲིད་ཀྱི་འགན་འཁྲི་དོན་འཁྱོལ་གནད་ལ་མ་འཁེལ་བ་བཅས་ཀྱིས་རྐྱེན་པས་ཐོན་སྐྱེད་བདེ་འཇགས་ཀྱི་འགན་འཁྲིའི་ལས་འཛོལ་ཐོན་པ་ཞིག་ཡིན་པའི་ངོས་འཛིན་བྱས་པ་རེད།