ཀྲུང་གོའི་བོད་རིག་པ་མཁས་ཅན་གྱི་སྤེལ་རེས་ཚོགས་པས་ཧྥ་རན་སེར་འཚམས་འདྲི་བྱས་པ།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཕ་རི་སི་ནས་ཟླ་9ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ཚེས་20ནས་22ཉིན་བར། ཀྲུང་གོའི་བོད་རིག་པ་མཁས་ཅན་གྱི་སྤེལ་རེས་ཚོགས་པས་ཧྥ་རན་སེར་འཚམས་འདྲི་བྱས་ནས་ཧྥ་རན་སེའི་ཇུས་འདོན་ཚོགས་པ་དང་རིགས་གཅིག་མཁས་ཅན་སོགས་དང་མཉམ་དུ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལག་ལེན་དང་། དེ་བཞིན་མིག་སྔར་རྒྱལ་སྤྱིས་དོ་ཁུར་བྱེད་པའི་གླེང་ཆ་ཆེ་བའི་གནད་དོན་ཐད་སྤེལ་རེས་དང་གྲོས་བསྡུར་གཏིང་ཟབ་བྱས་པ་རེད།
ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ཀན་ཧྲི་གཞོན་པ་བཀྲ་ལོས་སྤེལ་རེས་ཚོགས་པའི་ཚོགས་གཙོ་བྱས་ཤིང་། ཁོངས་མིའི་གྲས་སུ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་དང་། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་དང་གོ་ལ་ཧྲིལ་པོའི་འཐབ་ཇུས་ཞིབ་འཇུག་ཁང་། ཀྲུང་གོ་སྲིད་ཁྲིམས་སློབ་ཆེན་གྱི་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ཁང་བཅས་ཀྱི་བོད་རིག་པ་མཁས་ཅན་དང་མཁས་དབང་སོགས་ཡོད་པ་རེད།
ཧྥ་རན་སེའི་ཨེ་ཤེ་ཡ་ཞིབ་འཇུག་ལྟེ་གནས་ཀྱི་འགན་འཁུར་བ་དང་རིགས་གཅིག་མཁས་ཅན་དང་བཞུགས་མོལ་བྱེད་སྐབས། སྤེལ་རེས་ཚོགས་པའི་རིགས་གཅིག་མཁས་ཅན་གྱིས་བོད་ཀྱིས་དུས་བཀག་ལྟར་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་ལེགས་སྒྲུབ་བྱས་རྗེས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་རྒྱང་ལམ་གསར་པའི་ཐོག་གི་ཞིབ་ཕྲའི་ལག་ལེན་ངོ་སྤྲོད་བྱས་པ་རེད། བཀྲ་ལོས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་བོད་ལྗོངས་ཀྱི་དེང་རབས་ཅན་གྱི་ཐད་ཐུན་མོང་འབྱོར་ཕྱུག་དོན་གཉེར་བྱས་ནས་མཐའ་གཉིས་སུ་གྱེས་རྒྱུ་བཀག་འགོག་བྱེད་བཞིན་ཡོད་པ་དང་། དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་མཐུན་སྦྱོར་འཕེལ་རྒྱས་དོན་གཉེར་བྱས་ནས་དུས་བསྟུན་འཕེལ་རྒྱས་གཏོང་བ་མ་ཟད། བོད་ཀྱི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བཞིན་ཡོད་པ། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་དོན་གཉེར་བྱས་ནས་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་བཅད་བརྟན་དུ་གཏོང་བཞིན་ཡོད་པ། མཐའ་འཁོར་རྒྱལ་ཁབ་དང་ས་ཁུལ་དང་དཔལ་འབྱོར་དང་རིག་གནས་ཀྱི་སྤེལ་རེས་དམ་ཟབ་དོན་གཉེར་བྱས་ཏེ་ས་ཁོངས་དབར་གྱི་མཉམ་ལས་ལ་སྐུལ་སྤེལ་གཏོང་བཞིན་ཡོད་ཅེས་བརྗོད་པ་རེད།
ཧྥ་རན་སེའི་ཕ་རི་སི་ས་འབྲེལ་ཆབ་སྲིད་སློབ་གླིང་གིས་སྤེལ་རེས་ཚོགས་པ་འཚམས་འདྲིར་ཕེབས་པར་བརྗོད་དོན་གཙོ་བོའི་བགྲོ་གླེང་ཚོགས་འདུ་འཚོགས་པ་རེད། སྤེལ་རེས་ཚོགས་པའི་རིགས་གཅིག་མཁས་ཅན་གྱིས་ལོ་རྒྱུས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་བོད་ནི་གནའ་སྔ་མོ་ནས་བཟུང་ཀྲུང་གོར་གཏོགས་པ་དང“བོད་ཀྱི་གནད་དོན”ཟེར་བ་ནི་ཉེ་རབས་ཚུན་དུ་བཙན་རྒྱལ་རིང་ལུགས་ཕྱོགས་གཏོགས་ཀྱིས་ཀྲུང་གོའི་བོད་ལྗོངས་ས་ཆར་མི་སེར་སྤེལ་བ་དང་བཙན་འཛུལ་བྱས་པ་ལས་བྱུང་བ་ཞིག་དང་ད་ཆ་ཕྱི་རོལ་ཕྱོགས་གཏོགས་ཁག་གཅིག་གིས་ཀྲུང་གོར་གནོན་ཤུགས་སྤྲོད་པའི་བྱེད་ཐབས་ཤིག་ཏུ་གྱུར་བ་ཞིག་ཡིན་པ་ལས་བོད་མི་དམངས་ཀྱི་བདེ་རྩ་དང་འབྲེལ་བ་གཏན་ནས་མེད་པ་ཞིག་རེད་ཅེས་བརྗོད་པ་རེད།
ཧྥ་རན་སེའི་རིགས་གཅིག་མཁས་ཅན་གྱིས་སྤེལ་རེས་ཚོགས་པ་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུས་པ་མ་ཟད། ཕན་ཚུན་རྒྱུས་མངའ་ཟབ་ཏུ་གཏོང་བར་ཕན་ཐོགས་ཆེན་པོ་ཡོད་ལུགས་ཀྱང་བརྗོད། ཧྥ་རན་སེའི་རྒྱལ་སྤྱིའི་གནད་དོན་གྱི་རིགས་གཅིག་མཁས་ཅན་རང·ཏི་ཝུའེ་ཉི་ཨའོ་ཡིས། བོད་ནི་གནའ་སྔ་མོ་ནས་བཟུང་ཀྲུང་གོའི་ཆ་ཤས་ཤིག་རེད། དེའི་ཐད་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཐུན་མོང་གི་ངོས་འཛིན་ཡོད། རྒྱལ་ཁབ་ཁག་གཅིག་གིས་བོད་ལ་ཟང་ཟིང་བཟོ་བར་བརྟེན་ནས་ཀྲུང་གོར་གནོན་ཤུགས་སྤྲོད་པའི་ལྐོག་གཡོ་ལམ་ལྷོངས་ཡོང་མི་སྲིད་ཅེས་བཤད། ཧྥ་རན་སེ་རྒྱལ་བཙུགས་ཤར་ཕྱོགས་སྐད་ཡིག་རིག་གནས་སློབ་གླིང་གི་དགེ་རྒན་ཆེ་མོ་བ་པུའུ་ལུའུ་ནུའོ·ཏེ་ཝུའེ་སི་ཅིས། ང་ན་ནིང་ཀྲུང་གོའི་མཚོ་སྔོན་དང་ཀན་སུའུ་རུ་རྟོག་ཞིབ་བྱེད་པར་སྐྱོད་སྐབས་མི་རིགས་ཁག་གི་མི་དམངས་ཀྱི་འཚོ་བ་བརྟན་ལྷིང་འཆམ་མཐུན་དང་། བོད་མིའི་སྐད་ཡིག་དང་། རིག་གནས། ཆོས་ལུགས་སོགས་ལ་བརྩི་འཇོག་དང་སྲུང་སྐྱོབ་གང་ལེགས་ཐོབ་པ་མཐོང་བྱུང་ཞེས་བཤད།
འཚམས་འདྲི་བྱེད་རིང་། སྤེལ་རེས་ཚོགས་པས་ད་དུང་ཕ་རི་སི་དང་ཐུའུ་ལུའུ་ཙེ་ས་གནས་གཉིས་ཀྱི་ཀྲུང་ཧྭར་རྒྱུས་མངའ་དང་མཛའ་མཐུན་ཡོད་པའི་ཧྥ་རན་སེའི་མི་སྣ་མང་པོ་དང་བཞུགས་མོལ་བྱས་པ་རེད། ཧྥ་རན་སེར་འཚམས་འདྲི་མཇུག་འགྲིལ་རྗེས་སྤེལ་རེས་ཚོགས་པས་ད་དུང་ནོར་ཝེར་འཚམས་འདྲི་བྱ་རྒྱུ་ཡིན་པ་རེད།