དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “ཀྲུང་མོང་མཛའ་གྲོགས་གཟའ་འཁོར་དང་ཀྲུང་གོའི་བོད་རང་སྐྱོང་ལྗོངས་ཀྱི་གྲུབ་འབྲས་འགྲེམས་སྟོན”ཨུ་ལན་དཔའ་ཐུལ་དུ་འགོ་ཚུགས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2024-09-27

    ཤིན་ཧྭ་གསར་འགྱུར་ཁང་ཨུ་ལན་དཔའ་ཐུལ་ནས་ཟླ་9ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ཚེས་23ཉིན་མོང་གོལ་རྒྱལ་ཁབ་ཏུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་དང་མོང་གོལ་རྒྱལ་ཁབ་མོང་ཀྲུང་མཛའ་གྲོགས་མཐུན་ཚོགས་ཀྱིས་མཉམ་འབྲེལ་ཐོག་གཉེར་བའི“ཀྲུང་མོང་མཛའ་གྲོགས་གཟའ་འཁོར་དང་ཀྲུང་གོའི་བོད་རང་སྐྱོང་ལྗོངས་ཀྱི་གྲུབ་འབྲས་འགྲེམས་སྟོན”མོང་གོལ་རྒྱལ་ཁབ་ཀྱི་རྒྱལ་ས་ཨུ་ལན་དཔའ་ཐུལ་དུ་འགོ་ཚུགས་པ་རེད།

    མོང་གོལ་རྒྱལ་ཁབ་ཏུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཧྲེན་མེན་ཅོན་གྱིས། འདི་ལོ་ནི་ཀྲུང་གོ་དང་མོང་གོལ་དབར་ཕྱི་འབྲེལ་བཙུགས་ནས་ལོ་75འཁོར་བ་དང་། རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་མཉམ་ལས་འབྲེལ་བའི་ཆིངས་ཡིག་ལ་མིང་རྟགས་བཀོད་ནས་ལོ་30འཁོར་བ། དེ་བཞིན་རྒྱལ་ཁབ་གཉིས་པོས་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ནས་ལོ་10འཁོར་བ་བཅས་ཀྱི་ལོ་ཞིག་རེད། ད་ཐེངས་ཀྱི་པར་རིས་འགྲེམས་སྟོན་ཐོག་འགྲེམས་སྟོན་བྱས་པའི་ཀྲུང་གོའི་བོད་རང་སྐྱོང་ལྗོངས་ཀྱི་གྲུབ་འབྲས་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོན་བྱེད་རང་བཞིན་ཧ་ཅང་ཆེན་པོ་ལྡན་པའི་བསྡུས་རིས་ཤིག་ཡིན་པས། ཚང་མས་ཀྲུང་གོའི་འཕེལ་རྒྱས་གསར་པ་དེ་བས་ལེགས་པའི་སྒོ་ནས་ཤེས་རྟོགས་ཐུབ་པའི་ཡིད་ཆེས་ཡོད་ཅེས་བརྗོད་པ་རེད།

    མོང་ཀྲུང་མཛའ་གྲོགས་མཐུན་ཚོགས་ཀྱི་ཀྲུའུ་ཞི་དང་ཀྲུང་གོར་བཅའ་སྡོད་དེ་སྔའི་མོང་གོལ་རྒྱལ་ཁབ་ཀྱི་གཞུང་ཚབ་ཆེ་མོ་བ་པ་ཐེ་སུའུ་ཧོ་ཡིས། ད་ཐེངས་ཀྱི་པར་རིས་འགྲེམས་སྟོན་གྱིས་ལྟད་མོ་བར་ཀྲུང་གོའི་བོད་ལྗོངས་ཀྱི་དར་རྒྱས་གོང་འཕེལ་དང་འབྲེལ་བ་ཡོད་པའི་པར་རིས་75དྲག་འདེམས་བྱས་ཡོད་པ་དང་། བོད་ཀྱི་སྲོལ་རྒྱུན་སྒྱུ་རྩལ་ཏེ“སྨན་ཐང”(བོད་ཀྱི་གསོ་བ་རིག་པའི་ཐང་ག)འགྲེམས་སྟོན་བྱས་ཡོད་པས། མོང་གོལ་རྒྱལ་ཁབ་ཀྱི་དམངས་ཚོགས་ལ་ལོ་རྒྱུས་ཡུན་རིང་ལྡན་པའི་བོད་ཀྱི་གསོ་བ་རིག་པའི་རིག་གནས་མཆོག་ནོར་མྱོང་རོལ་བྱེད་པའི་གོ་སྐབས་བྱུང་ཡོད་ཅེས་བརྗོད་པ་རེད།

    བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས། བོད་ལྗོངས་ནི་རི་ཀླུང་མཛེས་ཤིང་ཡུལ་ལྗོངས་ལྟ་ན་སྡུག་པའི་ས་ཆ་ཞིག་ཡིན་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་ཡོད་ཅེས་གསུངས་ཤིང་། ཁོང་གིས་མོང་གོལ་རྒྱལ་ཁབ་ཀྱི་གྲོགས་པོ་ཀྲུང་གོའི་བོད་ལྗོངས་སུ་དམིགས་བསལ་གྱི་མིས་བཟོས་ཡུལ་ལྗོངས་མྱོང་རོལ་བྱེད་པར་ཡོང་རྒྱུར་དགའ་བསུ་ཞུས་པ་རེད།

    ད་ཐེངས་ཀྱི་འགྲེམས་སྟོན་ནི“མོང་ཀྲུང་མཛའ་གྲོགས་གཟའ་འཁོར”གྱི་བྱེད་སྒོ་རབ་དང་རིམ་པའི་གྲས་ཤིག་ཡིན་པ་དང་། ཟླ་9ཚེས་30ཉིན་མཇུག་འགྲིལ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།