མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུའི་ཐོག་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཆབ་སྲིད་ཅན་དུ་སྒྱུར་བར་རྒྱལ་ཁབ་བརྒྱ་ལྷག་ཙམ་གྱིས་ངོ་རྒོལ་བྱས་པ།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་རི་ནེ་ཝ་ནས་ཟླ་9ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཚེས་24ཉིན། མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་སྐབས་57པའི་རིང་ཨ་རི་སོགས་རྒྱལ་ཁབ་ཉུང་ཤས་ཀྱིས་ཚོགས་འདུའི་ཐོག་གཏམ་བཤད་སྤེལ་ནས་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་གི་གནས་ཚུལ་ལ་དམའ་འབེབས་བཏང་བར་དམིགས་ཏེ། རྒྱལ་ཁབ་100ལྷག་ཙམ་གྱིས་ཐུན་མོང་དུ་གཏམ་བཤད་སྤེལ་བ་དང་ཁེར་རྐྱང་དུ་གཏམ་བཤད་སྤེལ་བ་སོགས་རྣམ་པ་མི་འདྲ་བའི་ཐོག་ནས། ཀྲུང་གོ་ཕྱོགས་ཀྱི་དྲང་བདེན་གྱི་ལངས་ཕྱོགས་ལ་རྒྱབ་སྐྱོར་དང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཆབ་སྲིད་ཅན་དུ་སྒྱུར་བར་ངོ་རྒོལ་བྱས་པ་རེད།
ཁུ་པའི་འཐུས་མིས་ཀྲུང་གོ་ཚུད་པའི་རྒྱལ་ཁབ་80ཙམ་གྱི་ཚབ་ཞུས་ནས་ཐུན་མོང་དུ་གཏམ་བཤད་སྤེལ་ཏེ། རྒྱལ་ཁབ་ཁག་གི་བདག་དབང་དང་། རང་བཙན། མངའ་ཁོངས་ཆ་ཚང་བཅས་ལ་བརྩི་འཇོག་བྱེད་དགོས། བདག་དབང་འཛིན་མཁན་རྒྱལ་ཁབ་ཀྱི་ནང་སྲིད་ལ་ཐེ་ཇུས་མི་བྱེད་པ་ནི་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་ཞིག་རེད། ཤིན་ཅང་དང་། ཤང་ཀང་། བོད་བཅས་ཀྱི་ལས་དོན་ནི་ཀྲུང་གོའི་ནང་སྲིད་རེད། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཆབ་སྲིད་ཅན་དུ་འགྱུར་བ་དང་ཚད་གཞི་གཉིས་འཛིན་པར་ངོ་རྒོལ་བྱེད་རྒྱུ་ཡིན་ལ། འགྲོ་བ་མིའི་ཐོབ་ཐང་ལ་ཁ་གཡར་ནས་རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་ཇུས་བྱེད་པར་ངོ་རྒོལ་ཡང་བྱེད་རྒྱུ་ཡིན། ཕྱོགས་ཁག་གིས《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན》གྱི་དམིགས་ཡུལ་དང་རྩ་དོན་ལ་བརྩི་སྲུང་ཞུས་ཏེ་ཡོངས་ཁྱབ་རང་བཞིན་དང་། གཞུང་དྲང་རང་བཞིན། དངོས་ཡོད་རང་བཞིན་སོགས་ཀྱི་རྩ་དོན་ལ་བརྩི་སྲུང་ཞུ་དགོས་པ་དང་། རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་རྒྱལ་ཁབ་ཀྱི་གནས་ཚུལ་ལ་གཞིགས་ནས་འཕེལ་རྒྱས་ཀྱི་ལམ་བུ་རང་ཚུགས་ཀྱིས་གདམ་ག་བྱེད་པའི་དབང་ཆར་བརྩི་འཇོག་བྱེད་དགོས་པའི་ནན་བཤད་བྱས་པ་རེད།
མཉམ་འབྲེལ་རྒྱལ་ཚོགས་རི་ནེ་ཝར་རྒྱུན་སྡོད་ཀྲུང་གོའི་དོན་གཅོད་ཁང་དང་སུའེ་ཙེར་གྱི་རྒྱལ་སྤྱིའི་རྩ་འཛུགས་གཞན་དག་གི་འཐུས་མི་ཁྲེན་ཤུས་ཀྱིས“སྐད་ཆ་ཤོད་རེས་དང་མཉམ་ལས་བྱས་ནས་འགྲོ་བ་མིའི་ཐོབ་ཐང་ལ་སྐུལ་འདེད་གཏོང་མཁན་གྲོགས་པོའི་ཚོགས་ཆུང”གི་ཚབ་ཞུས་ནས་ཐུན་མོང་དུ་གཏམ་བཤད་སྤེལ་ཏེ། མིག་སྔའི་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་ཆབ་སྲིད་ཅན་དང་མཐའ་གཉིས་སུ་ལྷུང་བའི་རྣམ་པ་ཚབས་ཆེ་རུ་འགྲོ་བཞིན་འདུག འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ནི་འགྲན་རྒོལ་བྱེད་ས་དང་གནོན་ཤུགས་སྤྲོད་ས་ཞིག་མིན། རྒྱལ་ཁབ་ཁག་དབར་སྐད་ཆ་ཤོད་རེས་དང་སྤེལ་རེས་བྱས་ནས་ཡིད་ཆེས་ཆེར་གཏོང་དང་མཉམ་ལས་ལ་སྐུལ་འདེད་གཏོང་བར་དགོས་ངེས་ཀྱི་ནུས་པ་འདོན་དགོས་ཞེས་བརྗོད་པ་རེད།
ཀྲུང་གོའི་འཐུས་མི་ཚོགས་པས་ཀྱང་གཏམ་བཤད་སྤེལ་ནས་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་འགན་ལེན་སྐོར་གྱི་གནས་ཚུལ་ངོ་མ་ངོ་སྤྲོད་བྱས་པ་དང་། ཨ་རི་སོགས་རྒྱལ་ཁབ་ལ་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་ལ་བཙན་གནོད་ཚབས་ཆེན་བྱེད་པའི་བྱེད་སྤྱོད་ཐེར་འདོན་བྱས་པ། རྒྱལ་ཁབ་དེ་དག་གིས་བྱ་སྤྱོད་ཏན་ཏིག་སྤེལ་ནས་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོང་ནུས་ལྡན་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་ཆེད་བྱ་བ་དངོས་མང་ཙམ་སྒྲུབ་དགོས་པའི་ལྕག་སྐུལ་བྱས་ཡོད།