དབུ་ཤོག>གསར་འགྱུར།>དམངས་འཚོ།
  • བོད་ལྗོངས་སྨར་ཁམས་ཀྱི་ལོ་ངོ་སྟོང་གི་ཚྭ་ཞིང་ནས་གྲགས་པའི་གཏམ་རྒྱུད་གསར་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2024-09-27

    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཝེ་ཀོན་ཡུས་དང་། ཧོའུ་ཧྲའོ་ཅིང་། ཧྲེན་ཞའོ་མོང་།

    འདི་ནི་རྫ་ཆུའི་ངོགས་ཀྱི་ཚྭ་ཞིང་ནས་ལྡོག་ཏུ་འཕྲོས་པའི་ནམ་མཁའ་དང་སྤྲིན་གཟུགས་ཡིན་པ།

    འདི་ནི་བཀྲ་ཤིས་ལྷ་མོ་ཚྭ་མཛོད་དུ་འགྲོ་བཞིན་པ།

    འདི་ནི་རྫ་ཆུའི་ངོགས་གཉིས་སུ་མུ་འབྲེལ་རི་བོར་བརྟེན་ནས་ཆགས་པའི་བོད་ལྗོངས་སྨར་ཁམས་རྫོང་གི་ལོ་ངོ་སྟོང་གི་ཚྭ་ཞིང་ཡིན་པ།

    འདི་ནི་བོད་ལྗོངས་སྨར་ཁམས་རྫོང་འཇང་མི་རིགས་ཤང་གི་མང་ཚོགས་ཀྱིས་ས་དམར་བཏིང་ནས་ཚྭ་ཞིང་སྲུང་སྐྱོང་བྱེད་པ།

    འདི་ནི་བོད་ལྗོངས་སྨར་ཁམས་རྫོང་འཇང་མི་རིགས་ཤང་གི་ཚྭ་སྤྱིལ་གྱི་གདུང་མ་ལས་བཞུར་བཞིན་ཧྲེང་པོར་གྱུར་བའི་ཚྭ་ཐིགས་ཡིན་པ།

    སྟོན་ཟླ་9པར་ལོ་གཅིག་གི་ཚྭ་སྐེམ་པའི་དུས་ཚོད་རྫོགས་ལ་ཉེ་ཞིང་། བོད་ལྗོངས་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་འཇང་མི་རིགས་ཤང་ལྕགས་རྟ་གྲོང་ཚོའི་གྲོང་མི་ཚོས་རྫ་ཆུའི་རི་མཐོ་དང་ལུང་གཞུང་གི་རི་ལྡེབས་སུ་ཆགས་པའི་ཁོང་ཚོའི་ལོ་ངོ་1300ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི་ཚྭ་ཞིང་ལ་འཆར་ཅན་ལྟར་ཉམས་གསོ་བྱེད་འགོ་ཚུགས།

    2008ལོར་སྨར་ཁམས་ཀྱི་ཚྭ་ཁྲོན་གྱི་སྐམ་བཟོའི་ལག་རྩལ་དེ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་དུ་ཚུད་པ་རེད།

    རི་སྟེང་ནས་ས་དབོར་བ་དང་རི་གཤམ་ནས་ཚྭ་ཆུ་དབོར་བ།

    མིག་སྔ་ནི་ཚྭ་ཞིང་ཉམས་གསོའི་དུས་ཚིགས་རེད། ཚྭ་ཞིང་གི་མཐིལ་དུ་ས་དམར་བྱུག་པ་དང་ཞིང་སྟེང་ནས་ཚྭ་ཆུ་རླངས་པར་འགྱུར་བ་དང་འབྲེལ་ཆ་ཤས་ཤིག་སིམ་ནས་ཚྭར་གྱུར་གྱི་ཡོད། ས་དམར་དེ་དག་ལོ་ལྟར་མ་བརྗེས་ཚེ་ཚྭ་ཡོངས་སུ་སིམ་ནས་ཚྭ་རྡོག་གཅིག་ཀྱང་བསྡུ་ཐུབ་ཀྱི་མེད།

    “ས་དམར་དེ་དག་ཚང་མ་གཡང་གཟར་རི་སྟེང་དུ་ཡོད་སྟབས་ཡར་འཛེག་མར་བབས་ཁོ་ནར་ཆུ་ཚོད་གཅིག་འགོར་གྱི་ཡོད”ཅེས་ལྕགས་རྟ་གྲོང་ཚོའི་གྲོང་མི་སྐལ་བཟང་རྒྱ་མཚོས་བཤད།

    ཚྭ་གང་ནས་བྱུང་བ་ཡིན་ནམ། འདམ་རྫབ་ཀྱིས་ཁེངས་པའི་ལམ་བུ་ཞིག་བརྒྱུད་ཚེ་མཁར་རྫོང་ལྟར་གྱི་ཚྭ་ཁྲོན་ཞིག་ཏུ་སླེབས་པ་དང་གྲོང་ཚོ་ཡོངས་ཀྱི་ད་ཡོད་ཀྱི་ཚྭ་ཁྲོན་38དེ་དག་ཁྲོད་ནས་བེད་སྤྱོད་བྱེད་སྔ་ཤོས་ཀྱི་ཚྭ་ཁྲོན་ལ་ལོ་བརྒྱ་ཕྲག་ཁ་ཤས་ཀྱི་ལོ་རྒྱུས་ཡོད། ཚྭ་ཁྲོན་གྱི་ཟུར་ངོས་ནས་སྐས་རིམ་བབས་ནས་འགྲོ་སྐབས་རི་བོའི་རྡོ་སྲུབ་ནས་སིམ་པའི་ཚྭ་ཆུ་དེ་དག་ཁྲོན་པར་བཞུར་འགྲོ་བ་མཐོང་ཐུབ།

    སྔོན་ཆད་མི་ཚོས་ཚྭ་ཆུ་ཕྲག་སྟེང་དུ་འཁུར་བ་དང་། ཆུ་སྣོད་གཅིག་ལ་སྤྱི་རྒྱ་30ཡོད་ཅིང་ཕྲག་སྟེང་དུ་སྤྱི་རྒྱ་60འཁུར་གྱི་ཡོད། “སྐབས་རེ་ཁྲོན་པའི་ནང་ཚྭ་ཆུ་ཉུང་བས་ཧབ་ཐོབ་རྒྱག་ཆེད་དུད་ཚང་ཚང་མ་ཚྭ་སྤྱིལ་དུ་སྡོད་ཀྱི་ཡོད”ཅེས་བཀྲ་ཤིས་ལྷ་མོས་ཚྭ་སྤྱིལ་དུ་ཉལ་སྐབས་མལ་སའི་སྟེང་ཚྭ་ཆུའི་ཐིགས་པ་བརྒྱབ་སྟེ་མིག་ནང་འཛུལ་ནས་ངུའང་ཤོར་མྱོང་ཡོད་ཅེས་བཤད།

    ལོ་ངོ་20ལྷག་ཙམ་གྱི་གོང་དུ་ཚྭ་ལས་བྲེལ་བ་ཚ་ཤོས་སྐབས་ཁོང་དང་ཕ་མ་གཉིས་པོ་དགོང་ལྟར་ཆུ་ཚོད་4ལས་ཉལ་ཁོམ་མེད།

    2011ལོར་ཚྭ་ཞིང་དུ་གློག་དྲ་ཁྲིད་པ་དང་ཆུ་འཐེན་ཡོ་ཆས་སྤྱད་དེ་མདོང་དྲྭ་བརྒྱུད་ཁྱིམ་ཚང་མི་རེ་ངོ་རེའི་ཁྱིམ་གྱི་ཚྭ་རྫིང་དུ་ཚྭ་ཆུ་བཞུར་འོང་བས་དུས་དེ་ནས་བཟུང་མི་ཚོས་འདམ་རྫབ་ཁྲོད་ཚྭ་ཆུ་དབོར་མི་དགོས་ལ་ཚྭ་སྤྱིལ་ནང་ཉལ་དགོས་ཀྱི་མེད།

    མུན་ནག་གི་ཁང་པ་དང་། འདམ་རྫབ་ཀྱིས་ཁེངས་པའི་ཁང་པ། སྒོ་ར་ཆེན་པོ།

    གཏིང་ཚད་ལ་ལིའི་སྨི་10ཙམ་ཡོད་པའི་ཚྭ་ཞིང་ནས་ཚྭ་སྤྱི་རྒྱ་25ཙམ་ཐོན་པ་དང་། ཚྭ་ཆུ་འདྲེན་པ་ནས་ཚྭ་ཤེལ་དབྱེ་བའི་བར་གནམ་གཤིས་ཡག་དུས་ཉིན་12ཙམ་འགོར་བ་དང་ཚྭ་རྡོག་རིགས་གསུམ་བསྡུ་ཐུབ་ཀྱི་ཡོད།

    བཀྲ་ཤིས་ལྷ་མོས“ཁའི་ཚྭ་དཀར་པོ་བཟའ་ཆོག་པ་དང་། དཀྱིལ་གྱི་ཚྭ་དམར་པོས་རྐང་པ་བཀྲུ་ཆོག་པ། མཐིལ་གྱི་ཚྭ་རགས་པོ་དེའང་ཕྱུགས་ཟོག་ལ་སྟེར་ཚེ་ཤ་ཤེད་རྒྱས་ཐུབ”ཅེས་བཤད།

    ཚྭ་ཤེལ་སྣོད་ཕད་དུ་བླུགས་རྗེས་བཀྲ་ཤིས་ལྷ་མོས་རི་ལྡེབས་ཀྱི་སྒེའུ་ཁུང་མེད་པའི་རྡོ་ཁང་ཞིག་ཏུ་བསྐྱོད། དེ་ནི་ཁོང་དང་ཨ་ནེའི་ཁྱིམ་གྱི་ཚྭ་མཛོད་ཡིན་ཞིང་། མཛོད་ཁང་དེའི་རྒྱ་ཁྱོན་སྨི་ངོས་གྲུ་10ཡང་མི་ཟིན་པ་དང་དུད་ཚང་གཉིས་པོའི་ཚྭའི་དབར་པང་ལེབ་སྲབ་པོ་ཞིག་གིས་བཅད་བརྒྱབ་འདུག

    “རྨོ་བོ་ལགས་ཀྱིས་ལོ་ངོ་60ལྷག་ཙམ་གྱི་གོང་དུ་དེ་གར་ནི་ངེད་ཚོའི་ཁྱིམ་ཡིན་ཞེས་བཤད་བྱུང”བཀྲ་ཤིས་ལྷ་མོས“དེའི་ནང་དུད་ཚང་6གི་མི་10ལྷག་ཙམ་འཚང་ཁ་བརྒྱབ་ནས་སྡོད་པ་དང་། དགུན་དུས་གྲང་ངར་ཆེ་སྐབས་དུད་ཚང་དྲུག་གི་མི་ཚང་མ་མཉམ་དུ་རུབ་ནས་སྡོད་ཀྱི་ཡོད་ལ་དབྱར་དུས་ཁང་པའི་ཕྱི་རོལ་དུ་སྡོད་ཀྱི་ཡོད”ཅེས་བཤད།

    དེ་སྔ་ཚྭ་ཁ་ལྷོའི་ཕྲུ་གུ་ཚོས་དགའ་ཤོས་བྱེད་པའི་རྩེད་མོ་ནི་ས་དམར་རྙིང་པར་ཚྭ་ཆུ་བསྲེས་ཏེ་འདམ་བག་གི་ཁང་པ་རྒྱག་རྒྱུ་དེ་ཡིན་པ་དང་ཁང་པ་དེ་བས་ཆེ་བར་སྡོད་རྒྱུའི་འདུན་པ་འཆང་གི་ཡོད།

    འཚོ་བ་ལེགས་སུ་ཕྱིན་པ་དང་སྦྲགས་བསྐྱར་སྐྲུན་ཐེངས་མང་བྱས་མཐར་2012ལོར་བཀྲ་ཤིས་ལྷ་མོའི་ཁྱིམ་ཚང་སྨི་ངོས་གྲུ་500ལྷག་ཙམ་ཡོད་པའི་ཐོག་སོ་གསུམ་ལྡན་གྱི་ཁང་གསར་དུ་སྤོས་པ་དང་ད་དུང་སྨི་ངོས་གྲུ་300ཟིན་པའི་སྒོ་ར་ཞིག་ཡོད་པ་རེད།

    2023ལོར་ཆབ་མདོ་གྲོང་ཁྱེར་གྱིས་སྲོལ་ཡིག་བཏོན་ནས་སྨར་ཁམས་ཚྭ་ཁ་ལྷོའི་གནའ་བོའི་ཚྭ་ཞིང་སྲུང་སྐྱོང་བྱས་པ་དང་། ལོ་དེར་བཀྲ་ཤིས་ལྷ་མོའི་ལོ་ན་མཐོ་བའི་རྨོ་བོ་ཚེ་ལས་འདས།

    བགྲེས་སོང་ཚེ་ལས་འདས་ཁར“ངས་ཚེ་གང་ཚྭ་སྐམ་པ་ཡིན་ལ་ཚེ་སྟོད་དུ་འདམ་རྫབ་ཀྱི་ལམ་དུ་སྐྱོད་པ་དང་ཚྭ་སྤྱིལ་དུ་ཉལ་མྱོང་། ཚེ་སྨད་དུ་ཁང་པ་ཆེན་པོའི་ནང་སྡོད་རྒྱུ་བྱུང་བ་མ་ཟད་ཚྭ་ཞིང་ཡང་ཇེ་ཡག་ཏུ་སོང་སྟབས་བློ་ཕམ་གང་ཡང་མི་འདུག”ཅེས་གསུངས།

    ཚྭ་ཁ་ལྷོའི་བུ་ཕྲུག་གི་ཉམས་འགྱུར་གསར་པ།

    ཚྭ་ཞིང་གླིང་རེ་རེ་བཞིན་སྤེལ་མར་ཆགས་པ་དང་གཏེར་དངོས་དང་སྐྱེ་དངོས་ཕྲ་རབ་ཀྱི་བྱེད་ནུས་འོག་ཚྭ་ཞིང་ལ་ཚོས་མདོག་འདྲ་མིན་སྣ་ཚོགས་མངོན་ནས་རི་ལྡེབས་ཀྱི་ཚོན་གཞོང་ཞིག་དང་གཉིས་སུ་མ་མཆིས།

    ལྕགས་རྟ་གྲོང་ཚོའི་གྲོང་མི་ཆོས་སྒྲོན་གྱིས“དཀར་གཙང་གི་ཚྭའི་ཀ་བ་དེ་དག་བཟའ་ཆོག་པ་དང་ཟླ་ཤས་རེར་སོར་གང་རེ་ལས་སྐྱེ་ཐུབ་ཀྱི་མེད། ལོ་ལྟར་དཔྱིད་གསར་དུས་ཆེན་གོང་དུ་ཐེངས་རེ་བསྡུ་ཆོག ཚྭ་མྱུག་ནི་བཟོ་རྩལ་ཐོན་རྫས་ཡིན་པ་དང་བོངས་ཚད་ཇི་ཙམ་ཆེ་ན་དེ་ཙམ་གྱིས་རིན་ཐང་ཆེ་བ་ཡོད”ཅེས་བཤད།

    བརྗིད་ཆགས་ཉམས་ལྡན་གྱི་ཚྭ་ཞིང་དང་། དབེན་འཇམ་གྱི་ཚྭ་སྤྱིལ། ངོ་མཚར་གཏམ་རྒྱུད་རིང་མོ་བཅས་ནི་ཚྭ་ཁ་ལྷོའི་བུ་ཕྲུག་ཚོའི་འབབ་འཕར་གྱི་འབྱུང་ཁུངས་གསར་པར་གྱུར་ཡོད།

    2016ལོར་བཀྲ་ཤིས་ལྷ་མོས་ཤང་ཡོངས་ཀྱི་དྲ་ཐོག་ཚོང་དོན་གྱི་ལས་ལ་ཨང་དང་པོ་ཞུགས་ཤིང་། ཚྭ་ཞིང་ངོ་སྤྲོད་དང་། ཚྭ་ཕྱིར་ཚོང་། ཡུལ་སྲོལ་གོམས་འདྲིས་ངོ་སྤྲོད་བཅས་ལ་བརྟེན་ནས་སྐད་གྲགས་ཅུང་ཆེ་བའི“གནའ་བོའི་ཚྭ་ཞིང་ལྷ་མོའི”མིང་གྲགས་ཐོབ་པ་དང་ལོ་རེའི་ཡོང་འབབ་སྒོར་ཁྲི་10ལྷག་ཙམ་ཟིན་གྱི་ཡོད།

    ཁོང་གིས“ངས་དྲ་ཐོག་ནས་གྲོགས་པོ་མང་པོ་ངོ་ཤེས་བྱུང་། ཁོང་ཚོས་སྨར་ཁམས་ཀྱི་ཚྭ་ཞིང་ལ་ཧ་ཅང་དགའ་པོ་བྱེད་ཀྱི་འདུག”ཅེས་བཤད་པ་དང་གྲོང་ཚོའི་གྲོང་མི་མང་པོ་ཞིག་གིས་བོད་ཁྱིམ་སྤྲོ་ཁང་བཙུགས་ནས་འགྲེལ་བཤད་པ་བྱས་པ་དང་ན་ནིང་གྲོང་ཚོ་ཡོངས་ཀྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་4.6ཙམ་ལ་སྣེ་ལེན་ཞུས་པར་གྲོང་མིར་ཡུལ་སྐོར་གྱི་འབབ་འཕར་སྒོར་ཁྲི་264ལྷག་ཙམ་བྱུང་ཡོད་པ་རེད།

    རླུང་བུ་བསིལ་བསིལ་དུ་ལྡང་ཞིང་ཚྭ་ཞིང་ལ་ཉི་འོད་ལྡོག་ཏུ་འཕྲོས། ཁམ་བུའི་མེ་ཏོག་གི་འདབ་མ་ལྟར་དམར་མདངས་རྒྱས་པའི་ཚྭའི་མེ་ཏོག་དག་མཐོང་སྐབས་བཀྲ་ཤིས་ལྷ་མོར་རྨོ་བོ་ལགས་དང་ཡུལ་མི་མི་རབས་ནས་མི་རབས་བར་གྱི་དམར་མདངས་བཀྲ་བའི་བཞིན་རས་ཡིད་ལ་འཁོར། ཁོང་གིས་ཚྭ་ནི་དུས་ཀྱི་ཉིང་བཅུད་ཡིན་ལ་མི་ཡུལ་གྱི་བྲོ་བའང་རེད་ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།