ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས།
《ལས་ཞུགས་སྔོན་སྤེལ་འཐབ་ཇུས་ལག་ལེན་བསྟར་ནས་སྤུས་ཚད་མཐོ་བའི་ལས་ཞུགས་གང་ལེགས་ཡོང་བར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《ལས་ཞུགས་སྔོན་སྤེལ་འཐབ་ཇུས་ལག་ལེན་བསྟར་ནས་སྤུས་ཚད་མཐོ་བའི་ལས་ཞུགས་གང་ལེགས་ཡོང་བར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》(གཤམ་དུ《བསམ་འཆར》ཞེས་བསྡུ་རྒྱུ)བཀྲམ་པ་རེད།
《བསམ་འཆར》ནང་བླང་བྱ་བཏོན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་དང་། ངལ་རྩོལ་པའི་རང་བརྟེན་ལས་ཞུགས་དང་། ཁྲོམ་རས་ལས་ཞུགས་སྙོམས་སྒྲིག སྲིད་གཞུང་གིས་ལས་ཞུགས་ལ་སྐུལ་སྤེལ་དང་ལས་གཏོད་ལ་སྐུལ་འདེབས་བཅས་ཀྱི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་སྐུལ་འདེད་གཏོང་རྒྱུ་རྨང་གཞི་དང་། ལས་ཞུགས་སྔོན་སྤེལ་འཐབ་ཇུས་ལག་ལེན་བསྟར་རྒྱུ་སྣེ་ཁྲིད། ལས་ཞུགས་སྔོན་སྤེལ་སྲིད་ཇུས་ཤུགས་ཆེར་གཏོང་རྒྱུ་དམ་འཛིན་བྱ་གཞི། གྲུབ་ཆའི་རང་བཞིན་གྱི་ལས་ཞུགས་འགལ་བ་སེལ་རྒྱུ་ཤུགས་རྒྱག་ས། ལས་ཞུགས་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་སྒྱུར་བཅོས་ཟབ་ཏུ་གཏོང་རྒྱུ་སྒུལ་ཤུགས། གཞི་ཁྱོན་རང་བཞིན་གྱི་ལས་ཤོར་ཉེན་ཁ་མི་ཐོན་པ་བྱ་རྒྱུ་མཐའ་ཚད་བཅས་སུ་བྱས་ཏེ། ལས་ཞུགས་ཀྱི་སྤུས་ཚད་མཐོ་རུ་དང་གྲངས་འབོར་ལུགས་མཐུན་ངང་འཕར་རྒྱུར་མུ་མཐུད་སྐུལ་འདེད་གཏོང་བ་དང་། ངལ་རྩོལ་པའི་ལས་ཀ་བརྟན་པོ་དང་། ཡོང་འབབ་ལུགས་མཐུན། འགན་ལེན་ཡོད་པ། ལས་རིགས་བདེ་འཇགས་སོགས་ཡོང་རྒྱུར་སྐུལ་འདེད་གཏོང་བ། རྒྱ་ཆེའི་ངལ་རྩོལ་པའི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་འདེགས་སྐྱོར་ནུས་ལྡན་བྱེད་དགོས།
འབད་བརྩོན་བྱས་པ་བརྒྱུད། ལས་ཞུགས་གོ་སྐབས་གང་ལེགས་དང་། ལས་ཞུགས་ཁོར་ཡུག་འདྲ་མཉམ། ལས་ཞུགས་གྲུབ་ཆ་ལེགས་སྒྲིག མི་དང་ལས་གནས་འཚམ་མཐུན། ངལ་རྩོལ་འབྲེལ་བ་ཞི་མཐུན་བཅས་ཀྱི་རྣམ་པ་རིམ་བཞིན་ཆགས་པ་དང་དེ་བཞིན་མ་ལག་འདུས་གྲུབ་དང་། མཐུན་སྦྱོར་མཉམ་འགུལ། གྲངས་འཛིན་ནུས་སྐྱེད། དོ་དམ་ཚན་རིག་དང་མཐུན་པ། ཁྲིམས་སྐྱོང་འགན་ལེན་བཅས་ཀྱི་ལས་ཞུགས་ལས་དོན་གྱི་མ་ལག་སྔར་བས་འཐུས་སྒོ་ཚང་དུ་གཏོང་དགོས། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་བརྟན་པོའི་ངང་འཕར་བ་དང་། ལས་ཀ་ཤོར་ཚད་ཚོད་འཛིན་ནུས་ལྡན་ཐུབ་པ། ངལ་རྩོལ་ནང་ཞུགས་ཚད་གཞི་རྩའི་ཆ་ནས་བརྟན་པོ་ཡོང་བ། དེང་རབས་ཅན་གྱི་མི་ཤུགས་ཐོན་ཁུངས་མགྱོགས་མྱུར་གཏོད་པ། ལས་ཞུགས་ཀྱི་སྤྱི་པའི་ཞབས་ཞུའི་མ་ལག་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ། ཡོང་འབབ་འབྲིང་བའི་མི་ཚོགས་ཀྱི་གཞི་ཁྱོན་བརྟན་པོའི་ངང་ཆེ་རུ་གཏོང་བ། སྤྱི་ཚོགས་འགན་བཅོལ་ཁྱབ་རྒྱ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། ངལ་རྩོལ་པའི་ལས་ཞུགས་ཁེ་དབང་སྲུང་སྐྱོང་ནུས་ལྡན་ཐུབ་པ་བཅས་བྱས་ཏེ། དཀའ་སྤྱད་འབད་བརྩོན་གྱིས་རང་ཉིད་གོང་འཕེལ་གྱི་གོ་སྐབས་མི་ཚང་མར་ཐོབ་པར་བྱེད་དགོས།
《བསམ་འཆར》ནང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་དང་ལས་ཞུགས་མཐུན་སྦྱོར་མཉམ་འགུལ་ལ་སྐུལ་འདེད་གཏོང་རྒྱུ་དང་། གྲུབ་ཆའི་རང་བཞིན་གྱི་ལས་ཞུགས་འགལ་བ་ནུས་ཤུགས་ཡོད་རྒུས་སེལ་རྒྱུ། གཙོ་གནད་ཚོགས་སྤྱིའི་ལས་ཞུགས་རྒྱབ་སྐྱོར་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ། གནད་སྨིན་ནུས་ཆེའི་ལས་ཞུགས་ཀྱི་སྤྱི་པའི་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ། ངལ་རྩོལ་པའི་ལས་ཞུགས་ཁེ་དབང་འགན་ལེན་ཆུ་ཚད་མཐོ་རུ་གཏོང་རྒྱུ། སྤུས་ཚད་མཐོ་བའི་ལས་ཞུགས་གང་ལེགས་ཡོང་བར་སྐུལ་འདེད་གཏོང་བའི་ལས་ཀའི་མཉམ་ཤུགས་གཅིག་ཏུ་བསྡུ་རྒྱུ་སོགས་ཐད་ཀྱི་ལས་དོན་ཁག་24བཀོད་སྒྲིག་བྱས་ཡོད་པ་རེད།