ཡུལ་བབ་དང་བསྟུན་ཏེ་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་བཏང་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་བཅས་བྱེད་པའི་རིགས་པའི་གཞུང་ལུགས་ཀྱི་བགྲོ་གླེང་ཚོགས་འདུའི་སྒྲིལ་གླེང་།
ཟླ་9ཚེས་13ཉིན་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་མཉམ་འབྲེལ་ལྷན་ཚོགས་དང་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གིས་རང་སྐྱོང་ལྗོངས་ཏང་ཨུད་སྒྱུར་བཅོས་གཞུང་དོན་ཁང་དང་། རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭ རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་སོགས་ཚན་པ་དང་མཉམ་འབྲེལ་ཐོག“ཡུལ་བབ་དང་བསྟུན་ཏེ་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་བཏང་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས”ཞེས་པའི་བརྗོད་དོན་གཙོ་བོར་དམིགས་ཏེ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པའི་རིགས་པའི་གཞུང་ལུགས་ཀྱི་བགྲོ་གླེང་ཚོགས་འདུ་འཚོགས་ཤིང་། ཡུན་ནན་སློབ་ཆེན་དང་། རང་སྐྱོང་ལྗོངས་ཏང་ཨུད་སྲིད་ཇུས་ཞིབ་འཇུག་ཁང་། རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭ རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན། རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་། བོད་ལྗོངས་སློབ་ཆེན། བོད་ལྗོངས་མི་རིགས་སློབ་ཆེན་བཅས་ནས་ཡོང་བའི་རིགས་གཅིག་མཁས་ཅན་དང་མཁས་དབང་7གྱིས་སྤེལ་རེས་གཏམ་བཤད་གནང་བ་དང་། རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་། ཡོན་ཀྲང་། རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ལི་ཞའོ་ཉིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད། ཕྱོགས་བསྡོམས་གསུང་བཤད་ཀྱང་གནང་བ་རེད།
ཡུན་ནན་སློབ་ཆེན་མི་རིགས་དང་སྤྱི་ཚོགས་རིག་པ་སློབ་གླིང་གི་དགེ་རྒན་ཆེ་མོ་བ་དབྱང་མིང་ཧུང་གིས《ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བའི་བོད་ཀྱི་ཐབས་ལམ་གདམ་ག》ཞེས་འགོ་བརྗོད་དུ་འཁོད་པའི་གཏམ་བཤད་གནང་ཞིང་། ཁོང་གིས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བར་བོད་ཀྱིས་ལེགས་ཆ་དང་ཁྱད་ལྡན་ཐོན་ལས་ནས་འགོ་བཙུགས་ཏེ་ལྗང་མདོག་ཐོན་ལས་སྣེ་འདྲེན་དུ་བྱས་ཏེ་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་ལམ་བུར་བསྐྱོད་རྒྱུ་མཐའ་འཁྱོངས་དང་། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་བའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས་པའི་ངོས་འཛིན་གནང་བ་རེད།
རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་དཔལ་འབྱོར་འཐབ་ཇུས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་ཁྲེན་ཕུའུ་ཡིས《ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་མགྱོགས་པོ་བཏང་ནས་ས་མཐོའི་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས》ཞེས་འགོ་བརྗོད་དུ་བྱས་ནས་སྤེལ་རེས་གཏམ་བཤད་གནང་ཞིང་། ཁོང་གིས་བོད་ཀྱིས་ས་མཐོའི་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་བསྟར་ཁུལ་འཛུགས་གཏོད་བྱེད་པར་ངེས་པར་དུ་ཐོན་སྐྱེད་ནུས་ཤུགས་གསར་མའི་རིགས་པའི་གཞུང་ལུགས་ཀྱི་གཏན་ཚིགས་ལ་གོ་བ་གཏིང་ཟབ་ལེན་པ་དང་། ཡུལ་བབ་དང་བསྟུན་པ་དང་བོད་ཀྱི་ལྗོངས་བབ་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ཏེ་ནུས་རྒྱུ་གཙང་མའི་ཐོན་ལས་ལ་བརྟེན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་བ་དང་། ཐོན་སྐྱེད་ནུས་ཤུགས་གསར་མར་བརྟེན་ནས་སྲོལ་རྒྱུན་ཐོན་ལས་ཀྱི་ཆེད་དོན་རིམ་སྤོར་བྱེད་ནུས་ཆེ་རུ་བཏང་སྟེ་ཐོན་སྐྱེད་ནུས་ཤུགས་གསར་མ་དང་འཚམ་པའི་ཐོན་སྐྱེད་ཀྱི་འབྲེལ་བ་གསར་པ་འཐུས་སྒོ་ཚང་དུ་གཏོང་དགོས་ཞེས་བརྗོད་པ་རེད།
རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་ཕྱོགས་བསྡུས་ཁྲུའི་ཁྲུའུ་ཀྲང་ཕུར་བུ་བཀྲ་ཤིས་ཀྱིས《ཡུལ་བབ་དང་བསྟུན་ཏེ་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་བཏང་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས》ཞེས་པར་དམིགས་ནས་གཏམ་བཤད་སྤེལ་ཞིང་། ཁོང་གིས་གོམ་སྟབས་རྗེས་མར་མ་འཇོག་གི་གནད་འགག་ལ་དམ་འཛིན་བྱས་ནས་མ་འཇོག་ལ་བརྟེན་ནས་མཁོ་སྤྲོད་ཀྱི་གྲུབ་ཆ་ལེགས་སུ་གཏོང་བའི་འགག་རྩའི་ནུས་པ་ཡག་པོ་འདོན་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པར་བརྟེན་ནས་སྒྱུར་བཅོས་ལ་སྣེ་ཁྲིད་དང་། ཡུལ་བབ་དང་བསྟུན་ནས་སྒྱུར་བཅོས་ཟབ་ཏུ་གཏོང་བ་དང་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ། འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་དང་ལེགས་ཆ་གསར་པ་ཧུར་ཐག་གཏོད་པ་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་ཞེས་བརྗོད་པ་རེད།
རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི་དཔལ་འབྱོར་སློབ་དཔྱོད་པུའི་དགེ་རྒན་ཆེ་མོ་བ་གཞོན་པ་བློ་བཟང་དར་རྒྱས་ཀྱིས《ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་བཏང་སྟེ་ཐོན་ལས་གྲུབ་ཆ་བཟང་སྒྲིག་རིམ་སྤོར་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས》ཞེས་པ་འགོ་བརྗོད་དུ་བྱས་ནས་བོད་ཀྱི་ཐོན་ལས་གྲུབ་ཆ་བཟང་སྒྲིག་རིམ་སྤོར་སྐོར་ལ་གཙོ་གནད་ཐོག་སྤེལ་རེས་བྱས་ཤིང་། ཁོང་གིས་ཐོན་སྐྱེད་ནུས་ཤུགས་གསར་མ་དེ“མཐོ་མཁས་རྩེ”ཡི་ཐོན་ལས་ཁོ་ན་ཙམ་མ་ཡིན་པར། སྲོལ་རྒྱུན་ཐོན་ལས་ཀྱི་རྩེར་སོན་ཅན་དང་། རིག་ནུས་ཅན། ལྗང་མདོག་ཅན་བཅས་ཀྱི་ཕྱོགས་སྒྱུར་རིམ་སྤོར་སོགས་ཀྱི་ནང་དོན་ཡང་ཚུད་ཡོད་ཅེས་བརྗོད་པ་རེད།
བོད་ལྗོངས་སློབ་ཆེན་དཔལ་འབྱོར་དང་དོ་དམ་སློབ་གླིང་གི་དགེ་རྒན་ཆེ་མོ་བ་གཞོན་པ་ཀྲང་ཅན་ཝུའེ་ཡིས་བོད་ཀྱིས་ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བར་ས་ཁུལ་གྱི་ཁྱད་པར་དང་། ཐོན་ལས་ཀྱི་ཁྱད་པར། བར་མཐོངས་བཀོད་པ་བཅས་ལ་མཐོང་ཆེན་བྱེད་དགོས་པ་ལས་སྲོལ་རྒྱུན་གྱི་ཐོན་ལས་ལ་སྣང་ཆུང་དང་བློས་གཏོང་བྱེད་མི་རུང་། སྔར་ཡོད་ཀྱི་འཕེལ་རྒྱས་ཀྱི་རྨང་གཞིའི་ཐོག་ཡུལ་བབ་དང་བསྟུན་ནས་ལག་རྩལ་གསར་པ་སྤྱད་དེ་སྲོལ་རྒྱུན་གྱི་ཐོན་ལས་སྒྱུར་བཀོད་རིམ་སྤོར་བྱས་ནས་སྲོལ་རྒྱུན་གྱི་ཐོན་ལས་དང་། གསར་དར་ཐོན་ལས། འབྱུང་འགྱུར་གྱི་ཐོན་ལས་བཅས་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་དགོས་པའི་ངོས་འཛིན་བྱས་པ་རེད།