དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ལས་དབང་གཅིག་མཐུན་མཐའ་འཁྱོངས་ཀྱིས་ལག་གདང་སྦྲེལ་ནས་ཞི་བདེ་མཉམ་གནས་ཀྱི་འཛམ་གླིང་སྐྲུན་དགོས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཧན་ཞའོ་མིང་།   |     སྤེལ་དུས།  2024-09-25

    ཟླ་9ཚེས་19ནས་21ཉིན་བར“ལས་དབང་གཅིག་མཐུན་མཐའ་འཁྱོངས་ཀྱིས་ལག་གདང་སྦྲེལ་ནས་ཞི་བདེ་མཉམ་གནས་ཀྱི་འཛམ་གླིང་སྐྲུན་དགོས”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་2024ལོའི་རྒྱལ་སྤྱིའི་ཞི་བདེའི་ཉིན་མོའི་དྲན་གསོའི་བྱེད་སྒོ་ཧྲན་ཏུང་ཞིང་ཆེན་ཅི་ནན་གྲོང་ཁྱེར་དང་ཝུའེ་ཧྥང་གྲོང་ཁྱེར་དུ་སྤེལ་བ་རེད། ད་ཐེངས་ཀྱི་དྲན་གསོའི་བྱེད་སྒོ་དེ་ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུས་མཛུབ་ཁྲིད་བྱས་པ་དང་ཀྲུང་གོ་མི་དམངས་ཀྱིས་ཞི་བདེ་བརྩོན་ལེན་དང་དམག་མི་ཉུང་འཕྲིའི་མཐུན་ཚོགས་དང་ཧྲན་ཏུང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་མཉམ་ལས་ཐོག་གཉེར་བ་ཞིག་རེད། རྒྱལ་ཁབ་80ལྷག་ཙམ་དང་། ཆབ་སྲིད་རྩ་འཛུགས་དང་། ཞི་བདེའི་ཚོགས་པ། བདེ་འཇགས་ཇུས་འདོན་ཚོགས་པ་བཅས་ཀྱི་འཐུས་མི་100ལྷག་ཙམ་ཚོགས་འདུར་ཞུགས་ཡོད། ཕྱི་ཕྱོགས་སྐུ་མགྲོན་གྱིས་ཀྲུང་གོས་དུས་ཡུན་རིང་པོའི་ནང་འཛམ་གླིང་གི་ཞི་བདེ་དང་བདེ་འཇགས་ལ་སྐུལ་འདེད་གཏོང་ཆེད་འབད་བརྩོན་གནང་བ་དང་ལེགས་སྐྱེས་ཕུལ་བར་ཚད་མཐོའི་གདེང་འཇོག་བྱས་ནས་ཀྲུང་གོ་ཕྱོགས་དང་མཉམ་དུ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་འདུ་ཤེས་རྒྱུན་འཁྱོངས་དང་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་གསུམ་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་སྟེ་ཐུན་མོང་ཐོག་ས་གོ་ལའི་ཁྱིམ་གཞིས་ཀྱི་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་ཡིན་ཞེས་བརྗོད།

    ཞི་བདེ་ནི་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་ཐུན་མོང་གི་ཁེ་ཕན་ཆེ་ཤོས་ཡིན་ལ་ཐུན་མོང་གི་རེ་སྒུག་ཆེ་ཤོས་ཀྱང་ཡིན། དེང་སྐབས་ང་ཚོ་གནས་སའི་འཛམ་གླིང་ད་དུང་བདེ་འཇགས་མིན་པ་དང་། ཞི་བདེའི་མཚལ་ཡིག་དང་། འཕེལ་རྒྱས་ཀྱི་མཚལ་ཡིག བདེ་འཇགས་ཀྱི་མཚལ་ཡིག བཅོས་སྐྱོང་གི་མཚལ་ཡིག་བཅས་མང་དུ་ཕྱིན་པར་བརྟེན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བྱ་སྤྱོད་ནུས་ལྡན་སྤེལ་ནས་ཐག་གཅོད་བྱ་རྒྱུ་ནི་ཁ་ཚ་དགོས་གཏུགས་སུ་གྱུར་ཡོད།

    “ང་ཚོའི་འཛམ་གླིང་འདིར་ཞི་བདེ་དགོས། ཞི་བདེ་ནི་མིའི་རིགས་ཡོངས་ཀྱི་མཐའ་མའི་དོན་གཉེར་བྱེད་ས་ཡིན”ཞེས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུའུ་ཐེ་ལེ་སིས་དྲན་གསོའི་བྱེད་སྒོར་བརྙན་ལམ་ཐོག་ནས་ཤིས་ཚིག་གསུངས་ཤིང་། ཁོང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཞི་བདེའི་རིག་གནས་སྐྱེད་སྲིང་དང་འགལ་ཟླ་བསལ་ནས་མི་ཚང་མར་གཞུང་དྲང་དང་། འདྲ་མཉམ། རེ་བ་བཅས་ཀྱི་ལམ་བུ་ཞིག་འཚོལ་དགོས་ཞེས་གསུངས།

    “རྒྱལ་ཁབ་ཁག་གིས་ལག་གདང་སྦྲེལ་དགོས། རོགས་ཟླའི་འབྲེལ་བ་དེ་ཞི་བདེའི་འཛམ་གླིང་བསྐྲུན་རྒྱུའི་ངོས་ནས་བརྗོད་ན་ཧ་ཅང་གལ་འགངས་ཆེ་བ་ཞིག་རེད”ཅེས་ན་སྨི་པི་ཡའི་མི་དམངས་ཚོགས་ཆུང་ཏང་གི་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་མི་དམངས་ཚོགས་ཆུང་ཏང་གི་སློབ་གྲྭའི་སློབ་སྤྱི་ཁྲར་སི·མུའུ་པི་ཐ་ཡིས་བརྗོད་ཅིང་། ཁོང་གིས་ཞི་བདེའི་ཁོར་ཡུག་ཡོད་ཚེ་གཞི་ནས་དམངས་ཚོགས་བརྟན་ལྷིང་གི་འཚོ་བ་ཞིག་སྐྱེལ་ཐུབ། “བདེ་འཇགས་ནི་འཕེལ་རྒྱས་ཀྱི་སྔོན་འགྲོའི་ཆ་རྐྱེན་དང་འཕེལ་རྒྱས་ནི་བདེ་འཇགས་ཀྱི་འགན་ལེན་ཡིན”ཞེས་བརྗོད། མུའུ་པི་ཐ་ཡིས་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱིས་ཞི་བདེ་མཉམ་སྐྲུན་དང་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་དེ་བས་དྲང་གཞག་དང་དེ་བས་རྒྱུན་མཐུད་ཀྱི་འཛམ་གླིང་ཞིག་ཐུན་མོང་ཐོག་གཏོད་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད།

    འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་བྱེད་པའི་སྟོབས་ཤུགས་བརྟན་པོ་ཡིན་པའི་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་རང་ངོས་འཕེལ་རྒྱས་དེ་མིའི་རིགས་ཀྱི་འཕེལ་རྒྱས་ཀྱི་ཁྲོད་བཞག་སྟེ། འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་བྱེད་པར་བརྟེན་ནས་རང་ངོས་འཕེལ་རྒྱས་གཏོང་བ་མ་ཟད། རང་ངོས་འཕེལ་རྒྱས་གཏོང་བར་བརྟེན་ནས་འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་ཡང་བྱེད་ཀྱི་ཡོད། སྐུ་མགྲོན་ཚོས་ཀྲུང་གོ་ཕྱོགས་ཀྱིས་བཏོན་པའི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་འདུ་ཤེས་དང་དེ་བཞིན་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་བཅས་ལ་གདེང་འཇོག་ཧུར་ཐག་བྱས་ནས་འདུ་ཤེས་དང་གྲོས་འགོ་གལ་ཆེན་འདི་དག་གིས་ཞི་བདེའི་མཚལ་ཡིག་མེད་པ་བཟོ་བ་དང་བདེ་འཇགས་འགྲན་སློང་ལ་ཁ་གཏད་གཅོག་ཆེད་ཁ་ཕྱོགས་དང་ལམ་བུ་གསལ་སྟོན་བྱས་པའི་ངོས་འཛིན་བྱེད་ཀྱི་ཡོད།

    “གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ་དེས་འཛམ་གླིང་གི་ཞི་བདེ་དང་བདེ་འཇགས་སྲུང་སྐྱོང་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཡོད”ཅེས་ཨེ་ཙེ་ཨོ་ཕི་ཡའི་ཕྱི་འབྲེལ་ལས་དོན་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་ཅ་ཧྲའོ·ཨའེ་ཧྥེ་ལ་མོས་བརྗོད། ཁོང་གིས་གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ་དེས་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཐུན་མོང་ཐོག་འཕྲད་པའི་བདེ་འཇགས་ཀྱི་དོ་ཁུར་ཐད་སྒྲོམ་གཞི་མཁོ་འདོན་བྱས་པ་དང་། རྒྱལ་ཁབ་ཁག་མཐུན་སྒྲིལ་བྱས་ནས་ཞི་བདེ་དང་འཕེལ་རྒྱས་ཡོང་བར་ལྕག་སྐུལ་ཡང་བྱས་པའི་ངོས་འཛིན་བྱེད་ཀྱི་ཡོད།

    བྱེད་སྒོ་སྤེལ་རིང་སྐུ་མགྲོན་ཚོ་ད་དུང་ཧྲན་ཏུང་ཞིང་ཆེན་ཝུའེ་ཧྥང་གྲོང་ཁྱེར་ཧན་ཐིང་ཆུས་ཆན་ཆུའེ་ཀྲོང་གྲོང་ཚོར་བསྐྱོད་ནས་གྲོང་མིའི་འཚོ་བ་ཤེས་རྟོགས་དང་། ཝུའེ་ཧྥང་གྲོང་ཁྱེར་གྱི་སྒྲིག་ཆས་བཟོ་སྐྲུན་དང་མཐོ་གསར་ལག་རྩལ་གྱི་འབྲེལ་ཡོད་ཁེ་ལས་ལ་གཟིགས་སྐོར། ས་ཁུལ་འཕེལ་རྒྱས་ཀྱི་གནས་ཚུལ་ཤེས་རྟོགས་བཅས་བྱས་པ་དང་། སྐུ་མགྲོན་ཚོས་ཝུའེ་རྫོང་ནུབ་ཕྱོགས་ཀྱི་གཏན་སྡོད་ཕྱི་མིའི་གཅིག་སྡུད་བཙོན་རའི་གནས་ཡུལ་རྙིང་པའི་རྟེན་མཛོད་ཁང་དུ་ཡུན་རིང་བསྡད་ནས་དམག་འཁྲུག་གིས་མིའི་རིགས་ལ་བཟོས་པའི་སྡུག་བསྔལ་ལ་བསམ་གཞིག་དང་ཞི་བདེའི་རྩ་ཆེའི་རང་བཞིན་ཚོར་བ་བྱས་ཡོད།

    “མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་འདུ་ཤེས་དང་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་གསུམ་བཏོན་པ་དེ་ད་ལྟ་དུས་དང་ཏག་ཏག་མཐུན་ཡོད”ཅེས་འཇར་མན་གྱི་ཇུས་འདོན་ཚོགས་པ་ཞི་ལེ་ཞིབ་འཇུག་སུའོ་འཛུགས་མཁན་དང་ཀྲུའུ་ཞི་གཅིག་ལྕོགས་ཡིན་པའི་ཧེར་ཅ·ལ་ལུའུ་ཧྲིས་བརྗོད་པ་དང་། ཁོང་གིས“ཕྱོགས་མང་རིང་ལུགས་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངེས་པར་དུ་ཐུན་མོང་གི་སྟོབས་ཤུགས་ལ་བརྟེན་ནས་འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་བྱེད་དགོས་པ་དང་། འབོ་གསེར་མཉམ་ལས་ལམ་སྲོལ་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་སོགས་ཕྱོགས་མང་སྟོབས་ཤུགས་ཀྱིས་དེ་བས་ཧུར་བརྩོན་ཆེན་པོས་བྱ་སྤྱོད་སྤེལ་ཏེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཕྱོགས་མང་རིང་ལུགས་སྲུང་སྐྱོང་བྱེད་པའི་སྟོབས་ཤུགས་ཆེ་རུ་གཏོང་དགོས། ཀྲུང་གོས་བཏོན་པའི་འདུ་ཤེས་དང་གྲོས་འགོ་གལ་ཆེན་གྱི་འཆར་གཞི་བཟོས་ཟིན་པས། ཀྲུང་གོས་དེའི་ཐད་འབད་བརྩོན་བྱས་པར་ངས་ཚད་མཐོའི་བསྔགས་བརྗོད་བྱ་རྒྱུ་ཡིན”ཞེས་བརྗོད།

    “ང་ཚོས་ཀྲུང་གོ་ཕྱོགས་ཀྱིས་བཏོན་པའི་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་གསུམ་ལ་མོས་མཐུན་ཆེན་པོ་ཡོད་ལ་བསྔགས་བརྗོད་ཀྱང་བྱ་རྒྱུ་ཡིན། ཧུང་ཏུ་ར་སི་ཕྱོགས་ཀྱིས་ཀྲུང་གོ་འདི་ཉིད་འཕེལ་རྒྱས་ཀྱི་ཚད་གཞིར་འཛིན་པ་མ་ཟད་དེའི་ཐད་འབད་བརྩོན་ལྷོད་མེད་བྱ་རྒྱུ་ཡིན”ཞེས་ཧུང་ཏུའུ་ར་སི་ཕྱི་འབྲེལ་པུའི་པུའུ་ཀྲང་གཞོན་པ་ཤིན་ཏི·ལུའོ་ཏེ་ལི་ཀེ་སིས་བརྗོད། ཁོང་གིས་ཕྱོགས་མང་རིང་ལུགས་ལག་ལེན་བསྟར་བ་དང་ལྷོ་ལྷོ་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཡིན། “འཛམ་གླིང་ཡོངས་ཀྱིས་མཐུན་སྒྲིལ་མཉམ་ལས་བྱས་ཚེ། གཞི་ནས་ཡར་རྒྱས་ངོ་མ་ཡོང་ཐུབ་པ་དང་། མིའི་རིགས་ཀྱི་ཤེས་དཔལ་གཞི་ནས་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་ཐུབ”ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།