དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ཁ་བའི་ལྗོངས་སུ་སློབ་གསོར་འབད། སློབ་བུ་ས་མཐོའི་ཡུལ་དུ་ཁྱབ།

    —— བོད་ལྗོངས་ཀྱི་དགེ་རྒན་གྱིས་སློབ་ཁྲིད་ལས་ལ་གཞོལ་བའི་སྐོར་བཀོད་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2024-09-25

    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཝེ་ཀོན་ཡུས། ཧྲེན་ཞའོ་མེང་། ཧོའུ་ཧྲའོ་ཅིང་།

    ད་ལོའི་ཟླ་9ཚེས་10ཉིན་ནི་དགེ་རྒན་དུས་ཆེན་ཐེངས་40པ་རེད། སྔོན་ཐོན་གྱི་འདུ་ཤེས་དང་ཉམས་མྱོང་ཕུན་སུམ་ཚོགས་པོ་ལྡན་པའི་བོད་སྐྱོར་དགེ་རྒན་དང་། སློབ་གྲྭ་ནས་ཐོན་ཏེ་བློ་སྟོབས་ཀྱིས་རབ་ཏུ་ཕྱུག་པའི་ཞིབ་འཇུག་སློབ་མའི་སློབ་སྐྱོར་ཚོགས་པ། ས་མཐོར་གཞི་ཚུགས་པའི་བོད་རང་སའི་དགེ་རྒན་སོགས་བོད་ཀྱི་དགེ་རྒན་རྣམ་པས་རང་ཉིད་ཀྱི་དུས་ཆེན་བསུས་ཤིང་། ས་མཐོའི་ཡུལ་དུ་ཁོང་ཚོས་དཔུང་པ་མཉམ་གཤིབ་ངང་འབད་འཐབ་བྱས་པ་དང་། བློ་གྲོས་དང་སྤྲོ་སེམས་ལ་བརྟེན་ནས་སློབ་མ་རྣམས་མདུན་ལྗོངས་ཡངས་པོའི་ཕྱོགས་སུ་བསྐྱོད་རྒྱུར་སྣེ་ཁྲིད་བྱས་པར་བརྟེན། སློབ་མ་རྣམས་ཀྱིས་ཀྱང་ལུས་ངག་ཡིད་གསུམ་གྱི་ཉམས་འགྱུར་ནས་ཐུགས་རྗེ་ཆེ་ཞེས་ཞུས་པ་རེད།

    བོད་སྐྱོར་དགེ་རྒན། 

    བོད་སྐྱོད་རེ་འདུན་ཞུས། ལས་འགན་ཕྲག་ཏུ་ཁུར།

    “སློབ་ཕྲུག་ཚོའི་ཁྲ་ཆུང་མིག་གཉིས་གྲུང་རིལ་རིལ་ཡིན་པ་མཐོང་སྐབས། ཁོང་ཚོས་སློབ་ཚན་གྱི་ནང་དོན་རྣམས་ཤེས་པ་ངས་ཚོར་བྱུང”ཞེས་ཁོང་གིས་བཤད།

    ཆན་ཀྲི་ཧྭ་ནི་པེ་ཅིང་གྲོང་ཁྱེར་སློབ་འབྲིང་ལྔ་པའི་དགེ་རྒན་ཡིན་པ་དང་། ན་ནིང་རང་འགུལ་ངང་སློབ་གྲྭར་རེ་འདུན་ཞུས་ཏེ་ལྷ་སར་སླེབས། ཁོང་གིས་ལ་དུག་རྒྱག་པར་མི་འཛེམ་པར་གཞིས་རྩེ་གྲོང་ཁྱེར་གྱི་སྐྱིད་གྲོང་དང་འབྲོང་པ་སོགས་ཀྱི་རྫོང་དུ་སློབ་ཁྲིད་མི་སྐྱོང་གི་ལས་ལ་ཧུར་ཐག་གཞོལ་བར་བརྟེན། ཚེས་10ཉིན་ཆན་ཀྲི་ཧྭ་ལ་ལྷ་ས་གྲོང་ཁྱེར་གྱི་སློབ་གསོའི་བོད་སྐྱོར་ཤེས་ལྡན་པ་ཕུལ་བྱུང་གི་གཟི་བརྗིད་མཚན་སྙན་ཐོབ་པ་རེད།

    2016ལོར“ཚོགས་སྒྲིག་རྣམ་པའི”སློབ་གསོའི་བོད་སྐྱོར་བྱས་ཚུན། ཁ་གཏད་རོགས་སྐྱོར་བྱེད་མཁན་ཞིང་ཆེན་དང་གྲོང་ཁྱེར་17གྱིས་རིམ་རྩིས་བྱས་ན་སློབ་གསོའི་བོད་སྐྱོར་ཤེས་ལྡན་པ་མི་ཐེངས་2100ལྷག་ཙམ་བཏང་ནས་ཚོགས་སྒྲིག་རྣམ་པའི་སྒོ་ནས་བོད་ཀྱི་སློབ་གྲྭ་འབྲིང་ཆུང་21ལ་ཁ་གཏད་རོགས་སྐྱོར་བྱས་པ་རེད།

    ད་ལོ་ནི་ཆན་ཀྲི་ཧྭ་ཡིས་བོད་སྐྱོར་བྱས་པའི་ལོ་གཉིས་པ་རེད། གཟའ་འཁོར་གོང་མའི་སློབ་ཚན་གྲོལ་རྗེས་སློབ་མ་ནོར་བུ་དྲི་མེད་ཀྱིས་འཛིན་གྲྭ་ཡོངས་ཀྱི་ཚབ་ཞུས་ནས“རྒན་ལགས། ཁྱེད་རང་པེ་ཅིང་ལ་མ་ལོག་ན་འགྲིག་གམ”ཞེས་དྲིས།

    “སྐད་ཆ་དེ་ཐོག་ནས་ཕྲུ་གུ་ཚོས་ང་ལ་ཁས་ལེན་བྱེད་པ་མཚོན་གྱི་ཡོད”ཅེས་ཆན་ཀྲི་ཧྭ་ཡིས་བརྗོད་ཅིང་། སློབ་མའི་སྐད་ཆ་དེ་ལས་ཁོང་ལ་སེམས་འགུལ་ཆེན་པོའང་ཐེབས། ཁོང་གིས། ཤེས་བྱ་དང་རྩལ་ནུས་ལ་བརྟེན་ནས་ལས་གནས་སུ་གྲུབ་འབྲས་གཏོད་པ་ནི་བོད་སྐྱོར་དགེ་རྒན་གྱི་འགན་འཁྲི་རེད་ཅེས་བཤད།

    ཞིབ་འཇུག་སློབ་མའི་སློབ་སྐྱོར་ཚོགས་པ། 

    གཞོན་ནུའི་ལང་ཚོ་རྒྱས། བློ་སྟོབས་རབ་ཏུ་འཕེལ།

    ཚེས་6ཉིན་ལྷ་ས་ནག་ཆུའི་མཐོ་རིམ་སློབ་འབྲིང་གཉིས་པའི་མཐོ་འབྲིང་ལོ་རིམ་དང་པོའི་སློབ་མ་གསར་པ་1100ལྷག་ཙམ་བྱང་ཐང་ནག་ཆུ་ནས་གཅིག་རྗེས་གཉིས་མཐུད་ངང་སློབ་གྲྭ་དེ་གར་མིང་ཐོ་འགོད་པར་སླེབས་ཤིང་། སློབ་མ་གསར་པ་དང་ཁྱིམ་བདག་ཚོས་རྡོག་ཁྲེས་ཆེ་ཆུང་ཁྱེར་ཏེ་མིང་ཐོ་འགོད་སར་རྒྱུ་ཆ་སྤྲོད་པ་དང་འཚོ་བའི་མཁོ་ཆས་ལེན་གྱི་ཡོད་པ་རེད།

    སློབ་མ་གསར་པ་བསུ་བའི་དགེ་རྒན་དཔུང་ཁག་གི་གྲས་སུ་ན་གཞོན་ཁག་གཅིག་ཡོད་པ་ནི་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་སྐབས་26པའི་ཞིབ་འཇུག་སློབ་མའི་སློབ་སྐྱོར་ཚོགས་པ་རེད། ཁོངས་མི་5གསར་དུ་སློབ་མཐར་ཕྱིན་ནས་ལྷ་ས་ནག་ཆུའི་མཐོ་རིམ་སློབ་འབྲིང་གཉིས་པར་སླེབས་པ་དང་། ཁོང་ཚོས་མཐོ་འབྲིང་ལོ་རིམ་དང་པོའི་ཨང་རྩིས་དང་། དབྱིན་ཡིག སྐྱེ་དངོས། རོལ་དབྱངས་སོགས་རིག་ཚན་གྱི་སློབ་ཁྲིད་ལས་དོན་གྱི་འགན་འཁུར་རྒྱུ་ཡིན་པ་རེད།

    “སློབ་གྲོགས་གཅེན་པོ་དང་གཅེན་མོ་རྣམས་ཀྱིས་བརྗོད་པ་ལྟར་ན། སློབ་མ་ཚོ་ངོ་ཚ་སྨིན་པོ་ཡོད་པས། ལྕག་སྐུལ་མང་ཙམ་བྱེད་དགོས་ཀྱི་འདུག་ཟེར”རོལ་དབྱངས་དགེ་རྒན་ཧོའུ་ཡུས་ཧང་གིས་སྐབས་གོང་མའི་ཞིབ་འཇུག་སློབ་མའི་སློབ་སྐྱོར་ཚོགས་པའི་ཁོངས་མིར་དོ་སྣང་བྱེད་དགོས་ས་དྲིས་པ་མ་ཟད་རང་ཉིད་ཀྱི་སློབ་ཁྲིད་འཆར་གཞིའང་བཟོས་ཡོད། ཁོང་གིས“ནག་ཆུའི་སློབ་མར་རོལ་དབྱངས་ཐད་ཀྱི་ལྷན་སྐྱེས་ཀྱི་ཤེས་རབ་ཆེན་པོ་འདུག་ལ། ཁོང་ཚོ་སྲོལ་རྒྱུན་གྱི་མི་རིགས་གླུ་གཞས་དང་དེང་རབས་ཀྱི་གཞས་མ་གཏམ་ལའང་དགའ་པོ་འདུག ངས་ཁོང་ཚོར་རོལ་དབྱངས་ཤེས་བྱ་དེ་བས་མང་བ་སློབ་ཀྱི་ཡིན”ཞེས་བཤད།

    བོད་རང་སའི་དགེ་རྒན།

    འགྱོད་མེད་གདམ་ག་བྱས། ས་མཐོར་རྩ་བ་ཚུགས།

    ཉིང་ཁྲི་གྲོང་ཁྱེར་སྨན་གླིང་གྲོང་ཁྱེར་སློབ་ཆུང་སློབ་འགོ་ཚུགས་པ་ནས་བཟུང་། སློབ་སྤྱི་གཞོན་པ་ཙེང་ཅེ་ཡིས་ཕྱོགས་གཅིག་ནས་ཀུན་སྤྱོད་སློབ་གསོར་དོ་དམ་བྱེད་ཅིང་། ཕྱོགས་གཞན་ཞིག་ནས་ལོ་རིམ་དང་པོའི་རྒྱ་ཡིག་དང་ལོ་རིམ་གསུམ་པའི་རོལ་དབྱངས་སློབ་ཁྲིད་ཀྱི་འགན་འཁུར་གྱི་ཡོད་པས། ཁོང་ལས་བྲེལ་ཧ་ཅང་ཆེན་པོ་ཡོད་པ་རེད།

    ཙེང་ཅེ་ནི་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭའི་དགེ་རྒན་དང་ལས་བཟོ་ཁྲི་9ལྷག་ཙམ་གྱི་གྲས་རེད།

    ཕ་མ་གཉིས་ཀྱི་ལས་ཀ་སྤོ་སྒྱུར་བྱས་པའི་དབང་གིས། སི་ཁྲོན་ཙི་ཀོང་དུ་སྐྱེས་པའི་ཁོང་དམའ་རིམ་སློབ་འབྲིང་གི་སྐབས་བོད་དུ་ཡོང་ནས་སློབ་གྲྭར་བསྐྱོད་པ་རེད། 2013ལོར་ལྷ་ས་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭ་ནས་སློབ་མཐར་ཕྱིན་རྗེས། ཙེང་ཅེ་སྨན་གླིང་དུ་སླེབས་ནས་ཐོག་མར་གནས་ལུང་ཤང་སློབ་ཆུང་དུ་དགེ་རྒན་བྱས་ཤིང་། ཁོང་གིས་ཕྲུ་གུ་འཚུབ་པོར་རྨ་ཁ་དུག་སེལ་བྱས་པ་དང་འབྲོག་ཁུལ་གྱི་གཞོན་ནུ་མར་ཤ་གསོས་སྤྱོད་སྟངས་སློབ་ཀྱི་ཡོད། ཕྲུ་གུ་ཚོས་ཀྱང་ཙེང་ཅེ་ནི་རང་གི་གཅེན་མོར་བརྩིས་ནས་སྐད་ཆ་སྦ་གསང་མེད་པར་ཤོད་ཀྱི་ཡོད་པ་རེད།

    དགེ་རྒན་དུས་ཆེན་གྱི་སྔ་ནུབ་ཏུ། སློར་མཐར་ཕྱིན་ཟིན་པའི་སློབ་མ་མི་ཉུང་བ་ཞིག་གིས་ཙེང་ཅེ་ལ་འབྲེལ་གཏུག་བྱས་ནས་འཚམས་འདྲི་ཞུས་པ་རེད། རང་ཉིད་ཀྱི་སློབ་མ་རྣམས་ས་མཐོ་ནས་ཡུལ་ལུང་གཞན་དུ་བསྐྱོད་དེ་མཐོང་རྒྱ་ཆེ་རུ་སོང་བ་མ་ཟད། ཕ་ཡུལ་འཛུགས་སྐྲུན་གྱི་ཕུགས་འདུན་འཆང་བ་རྟོགས་སྐབས་ཁོང་ལ་སེམས་འགུལ་ཟབ་མོ་ཐེབས་ཡོད། སློབ་ཆེན་འགྲིམས་བཞིན་པའི་རང་གི་སློབ་ཕྲུག་དག་གིས་གཏམ་གླེང་སྣ་ཚོགས་བྱས་ཏེ་རང་གི་མཐོང་ཐོས་དང་། འཚོ་བ། ཕུགས་བསམ་བཅས་ཀྱི་སྐོར་གླེང་དུས། ཙེང་ཅེའི་མིག་ཟུང་ནས་ནམ་ཡང་དགའ་མགུའི་རྣམ་འགྱུར་མངོན། ཁོང་གིས“ནམ་རྒྱུན་དེ་འདྲའི་སྐབས། ང་རང་སོ་སོའི་ལས་ཀ་འདིར་སྔར་བས་དགའ་ཞིང་ཞེན་པ་མ་ཟད། རང་ཉིད་ཀྱི་གདམ་ག་ལ་འགྱོད་པ་ནམ་ཡང་མི་འདུག”ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།