མི་དམངས་ཀྱི་འདུན་པ་ཁྲིམས་འཛུགས་ལས་དོན་གྱི་གཞི་འཛིན་སར་གྱུར་པ།
—— མཚོ་སྔོན་གྱི་གཞི་རིམ་ཁྲིམས་འཛུགས་འབྲེལ་གཏུག་ས་ཚིགས་ཀྱི་ལག་ལེན།
“སྲུང་སྐྱོང་ཁུལ་དུ་ལྐོག་རྔོན་ལྐོག་སྔོག་གི་གནད་དོན་ཐོན་ཚེ་ཇི་ལྟར་བྱེད་དགོས”“དབྱར་རྩྭ་དགུན་འབུ་སྔོག་འཐུ་དེ་ལུགས་མཐུན་ཁྲིམས་མཐུན་ཡོང་བར་ཇི་ལྟར་བྱེད་དགོས”སོགས། སྟོན་ཁའི་ཉིན་གུང་ཞིག་ལ། ཁྲིམས་འཛུགས་དང་ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས་སྐོར་གྱི་བགྲོ་གླེང་ཚོགས་འདུ་ཞིག་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་འབྲི་སྟོད་རྫོང་ལི་ཞིན་ཤང་གི་ཆུ་ངོགས་ཀྱི་རྩྭ་ཐང་དུ་འཚོགས་ཤིང་། འབྲོག་པ་20ལྷག་ཙམ་མཉམ་དུ་འཛོམས་ནས་ཤང་གྲོང་དང་གྲོང་ཚོའི་ལས་བྱེད་པ་དང་སྐྱེ་ཁམས་ཁོར་ཡུག་དང་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་སོགས་ཀྱི་བཅའ་ཁྲིམས་གནད་དོན་ཐད་བགྲོ་གླེང་བྱས་པ་རེད།
ལི་ཞིན་ཤང་མི་དམངས་འཐུས་ཚོགས་ཀྱི་ཀྲུའུ་ཞི་འཇམ་དབྱངས་དཔལ་ལྡན་གྱིས་ཚང་མའི་དོགས་གནད་ཟིན་བྲིས་སུ་ནན་ཏན་བཏབ་རྗེས། ཉེ་བའི་ལོ་ཤས་རིང་གསར་དུ་བཏོན་པའི་བཅའ་ཁྲིམས་ཀྱི་ཐོག་ནས་ཞིབ་ཕྲའི་གནས་ཚུལ་འགྲེལ་བཤད་བརྒྱབ་པ་རེད།
2023ལོར། ལི་ཞིན་ཤང་དེ་ཉིད་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་གཞི་རིམ་ཁྲིམས་འཛུགས་འབྲེལ་གཏུག་ས་ཚིགས་སུ་ཆོག་མཆན་བཀོད་དེ། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་གཞི་རིམ་ཁྲིམས་འཛུགས་འབྲེལ་གཏུག་ས་ཚིགས་34ཁྲོད་ཀྱི་གྲས་སུ་གྱུར་པ་རེད། འདི་ལོར་རྩྭ་ཐང་ཐོག་གི་ཁྲིམས་འཛུགས་དང་ཁྲིམས་ལུགས་ཁྱབ་གདལ་གྱི་བགྲོ་གླེང་ཚོགས་འདུ་དེ་འདྲ་ཐེངས་གསུམ་འཚོགས་པ་རེད། འཇམ་དབྱངས་དཔལ་ལྡན་གྱིས། ཤང་གི་དོན་དངོས་གནས་ཚུལ་ལ་གཞིགས་ནས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། སྡེ་ཁུལ་གྱི་ལས་བྱེད་པ། ཡུག་ཁུལ་གྱི་མི་དམངས་ཉེན་རྟོག་པ་སོགས་ཀྱིས་མང་ཚོགས་བསམ་འཆར་བསྡུ་ལེན་ནང་ཞུགས་པའི་ཁྲིམས་འཛུགས་རྣམ་གྲངས་ཚང་མར་བོད་རྒྱ་སྐད་གཉིས་ཀྱི་ཐོག་ནས་དུད་ཚང་དུ་བསྐྱོད་དེ་དྲིལ་བསྒྲགས་བྱེད་པ་མ་ཟད། ད་དུང་འབྲེལ་ཡོད་ཁྲིམས་སྲོལ་ལག་བསྟར་ཕན་འབྲས་ལ་རྗེས་སྙེག་ཀྱང་བྱེད་ཀྱི་ཡོད་ཅེས་བཤད་པ་རེད།
མིག་སྔར། མཚོ་སྔོན་ཞིང་ཆེན་གྱི་གཞི་རིམ་གྱི་ཁྲིམས་འཛུགས་འབྲེལ་གཏུག་ས་ཚིགས་34དེ་དག་རྫོང་དང་ཤང་གི་མི་དམངས་འཐུས་ཚོགས་དང་། ཤང་དང་གྲོང་རྡལ་གྱི་སྲིད་གཞུང་། གཞི་རིམ་གྱི་མི་དམངས་ཞིབ་དཔྱོད་ཁང་དང་ཁྲིམས་ཁང་། སྡེ་ཁུལ། ཁྲོམ་གཞུང་དོན་གཅོད་ཁྲུའུ། ཁེ་ལས། ཁྲིམས་རྩོད་པའི་ལས་གཉེར་ཁང་སོགས་གཞི་རིམ་ཚན་པ་དང་རྩ་འཛུགས་ལ་ཁྱབ་པ་དང་ས་ཁོངས་ཐད་ནས་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཀྲོའུ་ཚང་མར་ཁྱབ་ཡོད་པ་རེད།
རིམ་ཁག་ཁྲིམས་འཛུགས་འབྲེལ་གཏུག་ས་ཚིགས་བཙུགས་པ་དེས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚོས་ཁྲིམས་འཛུགས་དང་ཁྲིམས་ལུགས་ཁྱབ་གདལ་ལས་དོན་སྤེལ་བར་ལས་སྟེགས་གསར་པ་མཁོ་འདོན་བྱས་ཡོད། མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཁྲི་ཀ་རྫོང་དུ། རྫོང་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས“གྲོང་ཚོ(སྡེ་ཁུལ)རེར་བཅའ་ཁྲིམས་ཀྱི་བློ་འདྲི་ས་རེ་ཡོད་པའི”ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་ནས། གཞི་རིམ་ཁྲིམས་འཛུགས་འབྲེལ་གཏུག་ས་ཚིགས་ཁག་ལ་ཁྲིམས་འཛུགས་བསམ་འཆར་དང་གྲོས་འགོ་བསྡུ་ལེན་བྱ་རྒྱུ་དེ་བཅའ་ཁྲིམས་ཁྱབ་གདལ་དྲིལ་བསྒྲགས་དང་། ཁྲིམས་སྲོལ་ལག་བསྟར་ལ་རྗེས་སྙེག་ལྟ་སྐུལ་བྱ་རྒྱུ་ཟུང་འབྲེལ་བྱས་ཐོག་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་གོང་འོག་སྦྲེལ་མཐུད་བྱེད་པའི་འབྲེལ་གཏུག་པ་དང་། སྲིད་ཇུས་དང་ཁྲིམས་སྲོལ་དྲིལ་བསྒྲགས་བྱེད་མཁན། གྲོང་ཚོ་རིམ་པའི་འཕེལ་རྒྱས་ཀྱི་ལྟ་སྐུལ་པ། འགལ་ཟླ་དང་རྩོད་གཞི་འདུམ་འགྲིག་བྱེད་མཁན་བཅས་ཀྱི་ནུས་པ་འདོན་སྤེལ་བྱ་རྒྱུར་སྣང་ཆེན་བྱས་ནས་ཁྲིམས་འཛུགས་འབྲེལ་གཏུག་པ་དང་། ཆ་འཕྲིན་འཚོལ་བསྡུ་བྱེད་མཁན། ཁྲིམས་འཛུགས་དྲ་མིག་པ་བཅས་ཀྱི་དཔུང་ཁག་བཙུགས་ཏེ་མང་ཚོགས་ཀྱིས་ལྟ་འདོད་ཉན་སྤྲོ་དང་གོ་བདེ་རྟོགས་སླའི་རྣམ་པའི་ཐོག་ནས་ཁྲིམས་སྐྱོང་དྲིལ་བསྒྲགས་དང་སྒྲོག་འགྲེལ་བྱས་ཏེ་རྫོང་ཁོངས་ཀྱི་མང་ཚོགས་ཡོངས་ལ་ཕན་པ་ཐོབ་པར་བྱ་རྒྱུའི་ཁྲིད་སྟོན་བྱས་པ་རེད།