དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • དཀའ་སྤྱད་འབད་འཐབ་བྱས་ནས་མདུན་དུ་བསྐྱོད། སེམས་ནུས་གཅིག་ཏུ་བསྒྲིལ་ནས་ལེའུ་གསར་བརྩམས།

    —— བོད་རང་སྐྱོང་ལྗོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་བཙུགས་ནས་ལོ་སུམ་ཅུ་འཁོར་བའི་སྒྲིལ་གླེང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-09-25

    2024ལོ་ནི་བོད་རང་སྐྱོང་ལྗོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས(གཤམ་དུ་ལྗོངས་བཟོ་ཚོང་ལྷན་ཚོགས་ཞེས་བསྡུ་རྒྱུ)བཙུགས་ནས་ལོ་30འཁོར་བའི་ལོ་ཡིན།

    ལོ་སུམ་ཅུའི་རིང་། རང་ལྗོངས་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་ཆུང་བ་ནས་ཆེ་བ་དང་ཞན་པ་ནས་སྟོབས་ཆེར་གྱུར་ཡོད། རང་སྐྱོང་ལྗོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྒྲིག་འཛུགས་དང་ལས་འགོ་རྩོམ་པ་ནས་ཚད་ལྡན་དོ་དམ་བྱེད་པའི་བར་འཐུས་སྒོ་ཚང་བའི་གོ་རིམ་བརྒྱུད་ཡོད། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་ལྗོངས་ཀྱི་དམངས་གཉེར་དཔལ་འབྱོར་མགྱོགས་མྱུར་གོང་འཕེལ་ཕྱིན་པ་དང་བསྟུན་ནས་བཟོ་ཚོང་ལྷན་ཚོགས་ཀྱི་རྩ་འཛུགས་ཀྱང་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་ཕྱིན་ཏེ་མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་བྱེད་པ་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ལ་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད།

    རྩ་བ་བརྟན་དུ་བཏང་ནས་བླ་སྲོག་བསྐྲུན། དར་སྒྲེང་འབད་འབུངས་བྱས་ནས་མདུན་དུ་སྐྱོད།

    “རང་ལྗོངས་ཀྱི་བཟོ་ཚོང་ལྷན་ཚོགས་སྒྲིག་གཞི་ནི་དུས་རབས་གོང་མའི་ལོ་རབས་ལྔ་བཅུའི་དུས་འགོར་བོད་ཞི་བས་བཅིངས་འགྲོལ་གཏོང་དུས་བཙུགས་པ་རེད”ཅེས་རང་སྐྱོང་ལྗོངས་བཟོ་ཚོང་ལྷན་ཚོགས་དྲིལ་བསྒྲགས་སློབ་གསོ་ཁྲུའི་ཁྲུའུ་ཀྲང་སྟོབས་རྒྱལ་གྱིས་ངོ་སྤྲོད་བྱས།

    1951ལོའི་ཟླ་བདུན་པར། ཀྲུང་གུང་ཆབ་མདོ་བཅིངས་འགྲོལ་ཨུ་ལྷན་གྱི་ཆོག་མཆན་ཐོབ་པ་བརྒྱུད་ཆབ་མདོ་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་བཙུགས། 1954ལོའི་ཟླ་ལྔ་པར།ཆབ་མདོ་ས་ཁུལ་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་བཙུགས་ནས་བོད་ཀྱི་ས་ཁུལ་རིམ་པའི་བཟོ་ཚོང་ལྷན་ཚོགས་ཀྱི་རྩ་འཛུགས་ཐོག་མར་གྱུར། 1959ལོའི་དམངས་གཙོའི་བཅོས་སྒྱུར་སྐབས་སུ་ལྷ་ས་དང་གཞིས་རྩེར་སྔ་རྗེས་སུ་བཟོ་ཚོང་ལྷན་ཚོགས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་བཙུགས། 1966ལོར། སྐབས་དེའི་རྙོག་འཛིང་ཆེ་བའི་སྤྱི་ཚོགས་དང་ཆབ་སྲིད་ཀྱི་དུས་བབ་དབང་གིས་ས་ཁུལ་རང་བཞིན་གྱི་བཟོ་ཚོང་ལྷན་ཚོགས་ལས་ཁུངས་ལས་ཀ་བྱེད་མཚམས་བཞག་པ་རེད།

    ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་རྗེས་སྒྱུར་བཅོས་སྒོ་དབྱེ་བྱེད་འགོ་ཚུགས་པ་དང་། 1994ལོའི་ཟླ་དགུ་པར་རང་སྐྱོང་ལྗོངས་བཟོ་ཚོང་ལྷན་ཚོགས་དངོས་སུ་བཙུགས། དེ་རྗེས་ས་གནས་དང་གྲོང་ཁྱེར་ཁག་གི་བཟོ་ཚོང་ལྷན་ཚོགས་ཀྱང་གཅིག་རྗེས་གཉིས་མཐུད་དུ་བཙུགས། 2001ལོའི་ཟླ་བརྒྱད་པར། ཆབ་མདོ་ས་ཁུལ(དེང་གི་ཆབ་མདོ་གྲོང་ཁྱེར)གྱི་བཟོ་ཚོང་ལྷན་ཚོགས་སླར་གསོ་བྱས་ཏེ་བཙུགས་པ་ལས་ལྗོངས་ཡོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་7ཚང་མར་བཟོ་ཚོང་ལྷན་ཚོགས་ལས་ཁུངས་བཙུགས་པ་མཚོན་ཡོད།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཟོ་ཚོང་ལྷན་ཚོགས་དང་དམངས་གཉེར་དཔལ་འབྱོར་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ནས་རྣམ་བཤད་གལ་ཆེན་རབ་དང་རིམ་པ་བཏོན་གནང་ཡོད། ཀྲུང་དབྱང་གིས་དུས་རབས་གསར་པའི་བཟོ་ཚོང་ལྷན་ཚོགས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར་བཏོན་ནས“བདེ་ཐང་གཉིས”དང་བཟོ་ཚོང་ལྷན་ཚོགས་ཀྱི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་ཁྲིད་སྟོན་བྱས་པ་རེད།

    2023ལོའི་ལོ་མཇུག་བར། ལྗོངས་ཡོངས་ཀྱི་དམངས་གཉེར་དཔལ་འབྱོར་གཉེར་སྐྱོང་བྱེད་པོ་ཁྲི་48.65ཟིན་ནས་ལྗོངས་ཡོངས་ཀྱི་གཉེར་སྐྱོང་བྱེད་པོའི་97.32%བཟུང་ཡོད་པ་དང་། དམངས་གཉེར་ཁེ་ལས་ཁྲི་11.34དང་དམངས་གཉེར་དཔལ་འབྱོར་གྱི་འཕར་ཐང་སྒོར་དུང་ཕྱུར་894.28ཟིན་ནས་ཁྲལ་འབབ་སྒོར་དུང་ཕྱུར་287.47བྱུང་ཡོད། 2019ནས་2023ལོ་བར། དམངས་གཉེར་དཔལ་འབྱོར་གྱིས་དཔལ་འབྱོར་བསྡོམས་འབོར་35%ཡན་བཏོད་དེ་ཁྲལ་འབབ་80%ཡན་དང་ལས་ཞུགས་80%ཡན་མཁོ་འདོན་བྱས་ཡོད་པ་རེད།

    རང་འགུལ་ངང་འགན་འཁྲི་ཁུར་ནས་དམངས་གཉེར་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

    ལོ་30ཡི་རིང་། རང་སྐྱོང་ལྗོངས་བཟོ་ཚོང་ལྷན་ཚོགས་ཀྱིས“ལྟ་སྟངས་གཅིག་མཚུངས་དང་། ཐོབ་ཐང་གཅིག་མཚུངས། འགན་འཁྲི་གཅིག་མཚུངས། ཕྱོགས་མཐུན་མཉམ་སྐྱོད། མཉམ་དུ་འཕེལ་རྒྱས”བཅས་མཐའ་འཁྱོངས་བྱས་ཐོག“དམངས་གཉེར་དཔལ་འབྱོར་མི་སྣའི་ཁྱིམ་གཞིས”ཡག་པོ་བསྐྲུན་པ་དང་དམངས་གཉེར་ཁེ་ལས་ལ་ཞབས་འདེགས་ཞུ་བའི“སྙིང་ཉེ་བ”ཡག་པོ་བྱས་ནས། དམངས་གཉེར་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་དང་དམངས་གཉེར་དཔལ་འབྱོར་མི་སྣ་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་སྐུལ་འདེད་ནུས་ལྡན་བཏང་ཡོད་པ་རེད།

    མི་རིང་བའི་གོང་། རང་སྐྱོང་ལྗོངས་བཟོ་ཚོང་ལྷན་ཚོགས་ཀྱིས་ཁྲལ་དོན་གྱི་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ“སྲིད་གཞུང་དང་ཁེ་ལས་ངོ་ཐུག་གདོང་འཕྲད་ཀྱིས། ཞབས་འདེགས་ཞུས་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་ལྗོངས་ཡོངས་ཀྱི་བཟའ་བཏུང་ལས་རིགས་ཀྱི་ཁྲལ་བསྡུའི་སྲིད་ཇུས་དྲ་ཐོག་གསོ་སྦྱོང་ཚོགས་འདུ་འཚོགས་ཏེ་ཁྲལ་བསྡུའི་རྨང་གཞིའི་ཤེས་བྱ་དང་། གནས་ཐང་འཕར་ཚད་རྩིས་རྒྱག་སྟངས། བཙོངས་འཛིན་དོ་དམ་སོགས་ཁྲལ་བསྡུའི་སྲིད་ཇུས་ལ་དམིགས་ནས་འགྲེལ་བཤད་བརྒྱབ་པས། བཟའ་བཏུང་ཁེ་ལས་ཀྱིས་ལུགས་མཐུན་ངང་སྲིད་ཇུས་སྤྱད་དེ་ཁེ་ལས་ཀྱི་གཉེར་སྐྱོང་མ་གནས་དམའ་རུ་གཏོང་བར་ཤེས་རྟོགས་ཟབ་མོ་བྱུང་སྟེ་ཁེ་ལས་ཁག་གི་ཡིད་ཆེས་འཕེལ་ཡོད་པ་རེད།

    ལྗོངས་ཡོངས་ཀྱི་བཟོ་ཚོང་ལྷན་ཚོགས་ཁོངས་གཏོགས་ཀྱིས་རྣམ་པ་སྣ་མང་སྤྱད་དེ“སྲིད་གཞུང་དང་ཁེ་ལས་ངོ་ཐུག་གདོང་འཕྲད་བྱེད་པ”དང“གཟི་བརྗིད་བྱ་སྤྱོད་སྤེལ་ནས་མཐའ་མཚམས་ལ་རོགས་རམ་བྱེད་པའི”རིག་གནས་བྱ་སྤྱོད་དང་། “དམངས་གཉེར་ཁེ་ལས་ཀྱི་ཏང་འཛུགས་སྐྱོང་སློབ་ཁང་ཆེ་མོ”སོགས་ཀྱི་ལས་དོན་ལ་སྐུལ་འདེད་བཏང་བས། ཏང་གི་འགོ་ཁྲིད་འོག་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུར་སྐྱོད་པའི་དམངས་གཉེར་དཔལ་འབྱོར་མི་སྣའི་ཡིད་ཆེས་དང་ཆོད་སེམས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད་པ་རེད།

    སྤུས་འབྲས་ལེགས་གཉེར་བྱས་ནས་བཟོ་ཚོང་ལྷན་ཚོགས་རྩ་འཛུགས་ཀྱི་མ་ལག་སྟོབས་ཆེར་བཏང་བ།

    མིག་སྔར། རང་ལྗོངས་སུ་བཟོ་ཚོང་ལྷན་ཚོགས་རྩ་འཛུགས་ཁྱོན་82ཟིན་ནས་རྫོང་རིམ་པའི་བཟོ་ཚོང་ལྷན་ཚོགས་རྩ་འཛུགས་ཁྱོན་ཡོངས་ལ་ཁྱབ་པ་དང་། དེ་དག་ལས་25ལ་རྒྱལ་ཡོངས་ཀྱི“བཟང་པོ་ལྔ་ལྡན”གྱི་རྫོང་རིམ་པའི་བཟོ་ཚོང་ལྷན་ཚོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་ཡོད། ལྗོངས་ཡོངས་ཀྱི་བཟོ་ཚོང་ལྷན་ཚོགས་ཁོངས་གཏོགས་སུ་ཚོང་དོན་མཐུན་ཚོགས་166ཡོད་པ་ལས་17ལ་རྒྱལ་ཡོངས་ཀྱི“བཟང་པོ་བཞི་ལྡན”གྱི་ཚོང་ཚོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་ཡོད། ཚོགས་མིའི་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་ཧུར་ཐག་བཏང་བས་ཁྱོན་ཚོགས་མི་13754ཟིན་ཡོད། “ཀྲུང་གུང་བོད་རང་སྐྱོང་ལྗོངས་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་ཁེ་ལས་དང་ཚོང(མཐུན)ཚོགས་ཀྱི་ལས་རིགས་ཨུ་ལྷན”བཙུགས་པར་ཁོངས་གཏོགས་སུ་ཏང་རྩ་འཛུགས་195དང་ཏང་ཡོན་1822ཡོད་པ་རེད།

    “ཁེ་ལས་བརྒྱས་གྲོང་ཚོ་བརྒྱར་རོགས་རམ་བྱེད་པའི”གནད་སྨིན་དབུལ་སྐྱོར་བྱ་སྤྱོད་ཀྱི་རྒྱལ་ཡོངས་བཟོ་ཚོང་ལྷན་ཚོགས་ཀྱི་རྩིས་ཐོའི་ནང་བཀོད་པའི་དམངས་གཉེར་ཁེ་ལས་714ཡིས་གྲོང་ཚོ་དབུལ་པོ་1374དང་ཆ་བསྒྲིགས་ནས་མ་དངུལ་སྒོར་དུང་ཕྱུར་15.5བཏང་བས་མང་ཚོགས་ཁྲི་9.9དབུལ་སྒྲོལ་ཐུབ་པའམ་ཡང་ན་ཕན་པ་ཐོབ་པར་སྐུལ་ཁྲིད་ཐུབ་པ་རེད།

    ལས་ཞུགས་ལས་གཏོད་ལ་སྐུལ་འདེད་བཏང་ཞིང་། ལྗོངས་ཕྱིའི་ཞིང་ཆེན་དང་གྲོང་ཁྱེར་གྱི་བཟོ་ཚོང་ལྷན་ཚོགས་དང་མཐུན་སྦྱོར་བྱས་ནས་དམངས་གཉེར་ཁེ་ལས་སྐུལ་སློང་གིས་ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མར་ལས་ཞུགས་ལས་གནས་8809མཁོ་འདོན་བྱས་པ་དང་། ལྗོངས་ནང་ཁུལ་གྱི་དམངས་གཉེར་ཁེ་ལས་སྒྲིག་འཛུགས་བྱས་ནས་ལས་ཞུགས་ལས་གནས་4466མཁོ་འདོན་བྱས་པ་རེད།

    ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག ལྗོངས་ཡོངས་ཀྱི་བཟོ་ཚོང་ལྷན་ཚོགས་ཁོངས་གཏོགས་ཀྱིས་མུ་མཐུད་མཐུན་སྒྲིལ་འབད་འཐབ་དང་ལས་སྒྲུབ་ཏན་ཏིག་བྱས་ནས་བཟོ་ཚོང་ལྷན་ཚོགས་ཀྱི་བྱ་གཞག་འཕེལ་རྒྱས་འགྲོ་བའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་རྒྱུ་རེད། 

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།