བྲག་གསུམ་མཚོ་བསྐོར་བའི་རྒྱལ་སྤྱིའི་རི་ཁུལ་རྐང་འཁོར་བྱེས་བགྲོད་མྱུར་ཚད་འགྲན་བསྡུར་ཚེས་29ཉིན་སྤེལ་རྒྱུ་ཡིན་པ།
ཉིན་ཤས་གོང་གསར་འགོད་པས་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱས་པར། ཉིང་ཁྲི་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པའི་2024ལོའི་བྲག་གསུམ་མཚོ་བསྐོར་བའི་རྒྱལ་སྤྱིའི་རི་ཁུལ་རྐང་འཁོར་བྱེས་བགྲོད་མྱུར་ཚད་འགྲན་བསྡུར་སྐབས་བཅུ་པ་ཟླ་9ཚེས་29ཉིན་ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་བྲག་གསུམ་མཚོ་མཛེས་ལྗོངས་ཁུལ་དུ་སྤེལ་རྒྱུ་ཡིན་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་འགྲན་བསྡུར་ཐོག་སྐྱེས་པའི་ཚོགས་ཆུང་དང་། བུད་མེད་ཀྱི་ཚོགས་ཆུང་། ལྗོངས་ནང་ཁུལ་གྱི་སྐྱེས་པའི་ཚོགས་ཆུང་། ལྗོངས་ནང་ཁུལ་གྱི་བུད་མེད་ཀྱི་ཚོགས་ཆུང་བཅས་ཚོགས་ཆུང་བཞི་བཙུགས་ཡོད་པ་དང་། སྔོན་རྩིས་བྱས་ན་རྒྱལ་ཁབ་ཕྱི་ནང་གི་འགྲན་ཞུགས་བདམས་ཐོན་པ་100བསྡུ་རྒྱུ་ཡིན་ཞིང་། སྐྱེས་པའི་ཚོགས་ཆུང་དང་བུད་མེད་ཀྱི་ཚོགས་ཆུང་གི་ཨང་དང་པོ་ནས་བཅུ་པའི་བར་ལ་བྱ་དགའ་གྱ་ནོམ་པ་སྤྲོད་རྒྱུ་དང་དུས་མཚུངས་ལྗོངས་ནང་ཁུལ་གྱི་སྐྱེས་པའི་ཚོགས་ཆུང་དང་བུད་མེད་ཚོགས་ཆུང་གི་ཨང་དང་པོ་ནས་གསུམ་པའི་བར་ལ་ཡང་བྱ་དགའ་འཕར་མ་སྤྲོད་རྒྱུ་དང་འགྲན་བསྡུར་འདིའི་བྱ་དགའི་དངུལ་ཁྱོན་སྒོར་109000ཡོད་པ་རེད།
བྲག་གསུམ་མཚོའི་མཚོ་སྐོར་འགྲན་བསྡུར་གྱི་འགྲན་ལམ་ནི་ཁྱད་ཆོས་ལྡན་པའི་བཀྲག་མདངས་འཚེར་ས་ཞིག་ཡིན་ཏེ། དེའི་ནང་མཚོ་སྐོར་ལམ་དང་། ནགས་ཚལ། རྩྭ་ར་སོགས་རང་བྱུང་མཛེས་ལྗོངས་ཚུད་པ་མ་ཟད། ད་དུང་ཀྲུང་གོའི་གྲོང་ཚོ་མཛེས་ཤོས་ཏེ་མཚོ་མགོ་གྲོང་ཚོ་དང་དེ་བཞིན་ཀོང་པོའི་དམངས་ཁང་བྱེ་པ་གྲོང་ཚོ་སོགས་མི་རིགས་ཀྱི་མི་ཆོས་རིག་གནས་མཛེས་ལྗོངས་ཀྱང་ཚུད་ཡོད་པ་རེད། ཀོང་པོ་རྒྱ་མདའ་རྫོང་སློབ་གསོ་ལུས་རྩལ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། སྔོན་ཆད་ཀྱི་འགྲན་བསྡུར་དང་བསྡུར་ན་ཐེངས་འདིའི་བྲག་གསུམ་མཚོའི་མཚོ་སྐོར་འགྲན་བསྡུར་གྱི་འགྲན་ལམ་དང་འགྲན་ལམ་ལམ་ཐག་ཐད་ལེགས་སྒྲིག་ཞིབ་ཚགས་བྱས་ཡོད་པ་རེད། མཚོ་མགོ་གྲོང་ཚོ་ནས་རྫ་ལ་གྲོང་ཚོའི་བར་གྱི་རྩྭ་ཐང་འགྲན་ལམ་གསར་དུ་བསྣན་ཡོད་པ་དང་འགྲན་ལམ་ཧྲིལ་པོའི་རིང་ཚད་དེ་སྔའི་སྤྱི་ལེ་99ནས་སྤྱི་ལེ་76བར་ལེགས་སྒྲིག་བྱས་པ་དེ་བདམས་ཐོན་པས་ཉིན་1ནང་སྐོར་ཚར་དགོས་ཀྱི་ཡོད་པ་རེད།