རྒན་རྒོན་ཚེ་མཇུག་སྐྱིད། བྱིས་པ་འཚར་ལོངས་བཟང་།
—— ལྷོ་ཁ་གྲོང་ཁྱེར་གྱིས་འགན་སྲུང་དྲ་རྒྱ་ཚགས་དམ་དུ་བཏང་ནས་ཞབས་ཞུའི་སྤུས་ཚད་དང་ཕན་འབྲས་ཆེ་རུ་བཏང་བ།
འདི་ནི་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་བྱ་ས་ཁྲོམ་གཞུང་སྐར་མ་ཆེ་སྡེ་ཁུལ་གྱིས་འབོད་སྣང་སོགས་སྡེ་ཁུལ་གསུམ་དང་མཉམ་དུ་གཉེར་བའི“ཚེ་རིང་གསོལ་སྟོན”གྱི་བྱེད་སྒོའི་ནང་ལས་དོན་པས་རྒན་རྒོན་ལ་རིག་ནུས་ལག་ཐོགས་ཁ་པར་སྤྱོད་སྟངས་སློབ་བཞིན་པ།
ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཀྱི་རྒན་གསོ་ཁང་དུ་སྐྱོད་སྐབས་རྒན་རྒོན་ཚོ་མཉམ་དུ་བསྡད་ནས་ཅི་འཕྲོས་མོལ་འཕྲོས་ཤོད་བཞིན་ཁོ་ར་ཁོར་ཡུག་དགའ་སྤྲོའི་རྣམ་པས་ཁེངས་འདུག ལོ་75ལ་སླེབས་པའི་ཕུར་བུ་ཚེ་རིང་གིས་ལས་དོན་པའི་ལག་ནས་འཇུས་ཏེ་སེམས་འགུལ་ཐེབས་བཞིན“དེ་སྔ་རང་ཉིད་རྒས་དུས་ལྟ་རྟོག་བྱེད་མཁན་རག་གི་མ་རེད་སྙམ་པའི་སེམས་ཁྲལ་ཡོང་གི་ཡོད། ད་ཆ་རྒན་གསོ་ཁང་དུ་ཁ་ལག་དང་སྡོད་ས་ཡག་པོ་ཡོད་པ་མ་ཟད། ད་དུང་མི་མང་པོས་སེམས་ཁུར་དང་ལྟ་རྟོག་བྱེད་ཀྱི་འདུག་པས་དངོས་གནས་སྐྱིད་པོ་འདུག”ཅེས་བཤད་པར་ལས་དོན་མི་སྣས“སྤོའོ་ལགས། རྒན་རྒོན་ཚོ་ཚེ་མཇུག་སྐྱིད་པོ་ཡོང་བར་བྱེད་པ་ནི་ང་ཚོས་སྒྲུབ་འོས་པའི་འགན་འཁྲི་རེད”ཅེས་ལན་བརྒྱབ།
ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྱིས“རྒན་གཅིག་གཞོན་གཅིག”གི་དམངས་འཚོའི་ཁྱབ་ཁོངས་སུ་ལས་དོན་ཧུར་ཐག་སྤེལ་བ་དང་། རིམ་ཁག་སྡེ་ཚན་ཁག་གིས་ཚད་མཐོའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཀྱི་ཐོག་ནས་ལས་དོན་ཧུར་ཐག་སྤེལ་བ་མ་ཟད། གསར་གཏོད་ཟམ་མི་ཆད་པར་བྱས་ནས་དེ་བས་འཐུས་སྒོ་ཚང་བའི་རྒན་གསོའི་ཞབས་ཞུ་དང་བྱིས་པའི་ཕན་བདེའི་མ་ལག་ཧུར་ཐག་བསྐྲུན་པར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།
ཞོགས་པའི་ཉི་བཞོན་ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེའི་རྒན་གསོའི་ཞབས་ཞུ་ལྟེ་གནས་སུ་འཕྲོས་ཤིང་། ལྟ་སྐྱོང་བའི་རོགས་རམ་འོག ལོ་75ལ་སླེབས་པའི་བགྲེས་སོང་ཚེ་རིང་ག་ལེར་ཁང་པ་ནས་དོན་ཏེ་སྒོ་རའི་ནང་གི་ལྕང་སྡོང་རྙིང་པ་དེའི་འོག་ཏུ་བསྡད། དེ་གར་ནི་ཁོང་གི་ཚེ་མཇུག་གི་ཁྱིམ་ཚང་གསར་པ་དེ་རེད།
“དེ་སྔ་ལོ་ན་རྒས་དུས་ཆགས་ས་བརྟེན་ས་མེད་པར་གྱུར་གྱི་རེད་སྙམ་པའི་སེམས་ཁྲལ་ཡོང་གི་ཡོད། ད་ཆ་རྒྱལ་ཁབ་ཀྱིས་ང་ཚོར་རྒན་གསོའི་ལྟེ་གནས་ཡག་པོ་འདི་འདྲ་ཞིག་བསྐྲུན་ཡོད་པས་ལྟོ་གོས་ལ་སེམས་ཁྲལ་མེད་པ་མ་ཟད། ད་དུང་ལྟ་རྟོག་བྱེད་མཁན་ཡང་ཡོད”ཅེས་གཉེར་མས་ཁེངས་པའི་ངོ་གདོང་ལས་བློ་ཡིད་ཚིམ་པའི་འཛུམ་མདངས་འཕྱུར་བཞིན་བགྲེས་སོང་ཚེ་རིང་གིས་བཤད། གཞོགས་ན་ཡོད་པའི་ལས་དོན་པ་སྒྲོལ་མས་ཁོང་ལ་ཇ་བསྲུབས་མ་ཕོར་པ་གང་བཀྱག་རྗེས་ཁོང་གཉིས་པོས“དེ་རིང་གནམ་གཤིས་ཡག་པོ་ཡོད་པས་ཕྱི་དྲོ་སྒོ་རའི་ནང་ལུས་སྦྱོང་ལ་འགྲོ་རྒྱུའི”སྐད་ཆ་བྱས།
ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་2.6ལྷག་ཙམ་བཏང་ནས་རྫོང་རིམ་པའི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་འཚོ་སྐྱོང་ལྟེ་གནས་དང་། བྱིས་པའི་ཕན་བདེ་ཁང་། གྲོང་གསེབ་ཀྱི་བདེ་སྐྱིད་ཁང་སོགས་རྣམ་གྲངས་རིམ་སྤོར་སྒྱུར་བཀོད་དང་གསར་སྐྲུན་ཐད་སྤྱད་ཡོད། མིག་སྔར་གྲོང་ཁྱེར་ཡོངས་ལ་རྒན་གསོའི་ཉལ་ཁྲི2103ཡོད་པའི་ནང་ནད་སྐྱོང་རྣམ་པའི་ཉལ་ཁྲིས་ཕྱེད་ཀ་ལྷག་ཙམ་བཟུང་བ་དང་བྱིས་པའི་ཕན་བདེའི་ཁང་གི་ཉལ་ཁྲི་500ཟིན་ཡོད། གཞན་ཡང་གྲོང་གསེབ་ཀྱི་བདེ་སྐྱིད་ཁང་30དང་ཉིན་མོའི་ལྟ་རྟོག་ལྟེ་གནས་8བསྐྲུན་ནས་གྲོང་གསེབ་ཀྱི་རྒན་རྒོན་ལ་བདེ་ཐང་མཛུབ་ཁྲིད་དང་རིག་གནས་རོལ་རྩེད་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་ཞབས་ཞུའི་སྟེགས་བུ་མཁོ་འདོན་བྱས་པ་དང་། ན་སོ་དར་ལ་མ་བབས་པའི་མིའི་སྲུང་སྐྱོང་ལྟེ་གནས་5བཙུགས་ནས་ཕྲུ་གུ་ཚོ་བདེ་ཐང་ངང་འཚར་ལོངས་ཡོང་བར་འགན་ལེན་ནུས་ལྡན་བྱས་ཡོད།
ཞབས་ཞུའི་སྤུས་ཚད་སྔར་བས་མཐོ་རུ་གཏོང་ཆེད། ལྷོ་ཁ་གྲོང་ཁྱེར་གྱིས་རྒན་གསོའི་སྒྲིག་གཞི་མང་པོའི་རིམ་པ་རེ་ཞུ་ཧུར་ཐག་ཞུས་པ་དང་འབྲེལ་གྲུབ་འབྲས་ཐོབ་པའི་ངང་དཔྱད་བསྡུར་གཏན་འབེབས་བྱས་པ་དང་། རྒན་གསོའི་ལྟ་སྐྱོང་བའི་རྩལ་ནུས་འགྲན་བསྡུར་གཉེར་ནས་བྱང་ཚད་མཐོ་བའི་ལྟ་སྐྱོང་བའི་ཤེས་ལྡན་པ་ཁག་གཅིག་གསོ་སྐྱོང་བྱས་ཡོད། དཔལ་འབྱོར་ཐད་དཀའ་ངལ་ཡོད་པའི་རྒན་རྒོན་གྱི་ཁྱིམ་ཚང་ལ་དམིགས་ཏེ་རྒན་འཕྲོད་སྒྱུར་བཀོད་རྣམ་གྲངས་ལག་བསྟར་བྱས་པས་ཁྱིམ་ཚང་924ལ་ཕན་པ་ཐོབ་ཡོད། ཁྱིམ་སྡོད་དང་སྡེ་ཁུལ་གྱི་རྒན་གསོའི་ཞབས་ཞུའི་སྒྱུར་བཅོས་ཚོད་ལྟའི་རྣམ་གྲངས་ལ་སྐུལ་འདེད་བཏང་ནས་རང་རྐྱ་མི་འཕེར་བའི་རྒན་རྒོན་124ལ་ཁྱིམ་ཚང་གི་རྒན་གསོའི་ཉལ་ཁྲི་བཙུགས་པ་དང་། དམིགས་བསལ་དཀའ་ངལ་ཡོད་པའི་རྒན་རྒོན་371ལ་སྒོ་རྩར་བསྐྱོད་ནས་ཞབས་འདེགས་ཞུས་ཡོད།
གཞན་ཡང་དབྱར་ཁའི་གུང་གསེང་རིང་ལྷོ་ཁ་གྲོང་ཁྱེར་གྱིས“བརྩེ་བ་ཟབ་མོ་འཆང་། མཉམ་དུ་འཚར་ལོངས་བྱེད”ཅེས་པའི་དབྱར་ཁའི་གུང་གསེང་རིང་གི་བཅོལ་ཉར་རྣམ་གྲངས་ལག་བསྟར་བྱས་ནས་བཅོལ་ཉར་འཛིན་གྲྭ་10བཙུགས་པས་བྱིས་པ་632ལ་ཕན་པ་ཐོབ་སྟེ་ཁོ་ཚོ་བདེ་སྐྱིད་ལྡན་པའི་ངང་འཚར་ལོངས་ཡོང་བར་བྱས་པ་རེད།