སྙན་རོང་རྫོང་གིས་བྱ་ཐབས་སྣ་མང་སྤྱད་དེ་མང་ཚོགས་ཀྱི་ཡོང་འབབ་མང་དུ་བཏང་བ།
གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་འབབ་འཕར་ལས་དོན་གྱི་ཞན་ཆ་སེལ་བ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་མང་དུ་གཏོང་ཆེད། འདི་ལོ་ཚུན་དུ་སྙན་རོང་རྫོང་གིས་བྱེད་ཐབས་ནུས་ལྡན་རབ་དང་རིམ་པ་སྤྱད་དེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་མང་དུ་གཏོང་བའི་ལས་དོན་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཕྱོགས་སྒྱུར་རང་བཞིན་གྱི་ཡོང་འབབ་གཙོ་གནད་ཐོག་འགན་ལེན་བྱས་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གླ་ཕོགས་རང་བཞིན་དང་། རྒྱུ་ནོར་རང་བཞིན། གཉེར་སྐྱོང་རང་བཞིན་བཅས་ཀྱི་ཡོང་འབབ་ནུས་ཤུགས་ཡོད་རྒུས་མང་དུ་བཏང་བ་རེད།
སྙན་རོང་རྫོང་གིས《སྙན་རོང་རྫོང་གི་ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་འདེད་གཏོང་བའི་རྫོང་རིམ་པའི་འགོ་ཁྲིད་ཀྱི་འགན་འཁྲི་གཙང་ལེན་ལས་དོན་ཇུས་གཞི》བཀྲམ་སྟེ་འབབ་འཕར་མ་དཔེའི་དུད་ཚང་50ཡི་འབབ་འཕར་ལས་འགན་དེ་རྫོང་རིམ་པའི་འགོ་ཁྲིད་ལས་བྱེད་པ་27དང་ཆ་སྒྲིག་བྱས་པ་རེད། གཉེར་སྐྱོང་རང་བཞིན་གྱི་ཡོང་འབབ་མང་དུ་གཏོང་ཆེད་རྫོང་ནོར་སྲིད་ཀྱིས་མ་དངུལ་སྒོར་ཁྲི་47.6བཏང་ནས་ཕྱུགས་རིགས་མགོ་གྲངས་56ཉོས་ཏེ་ཤང(གྲོང་རྡལ)ཁག་གི་མཉམ་ལས་ཁང་ལ་གཉེར་སྐྱོང་བྱེད་དུ་བཅུག་པས་དུད་ཚང་10དང་མི་43ལ་ཡོང་འབབ་བྱུང་ཡོད། གླ་ཕོགས་རང་བཞིན་གྱི་ཡོང་འབབ་མང་དུ་གཏོང་ཆེད་རྣམ་གྲངས་འཛུགས་སྐྲུན་དང་། སྐྱེ་ཁམས་ལས་གནས། ལས་ཞུགས་གཞན་སྒྱུར་སོགས་ཀྱི་ཐབས་ལམ་བརྒྱུད་ངལ་རྩོལ་ནུས་ཤུགས་ཡོད་པའི་ཁྱིམ་ཚང་ལ“དུད་ཚང་གཅིག་ལ་ལས་རིགས་གཅིག”མངོན་འགྱུར་བྱུང་ཡོད། གྲངས་གཞིའི་བསྡོམས་རྩིས་གནད་འཁེལ་རང་བཞིན་ཆེ་རུ་གཏོང་བ་དང་རྫོང་རིམ་པའི་ལས་བྱེད་པའི་འབབ་འཕར་འགན་འཁྲི་གཙང་ལེན་ལས་དོན་གྱི་འགན་འཁྲི་ནན་དུ་གཏོང་ཆེད། རྫོང་རིམ་པའི་ལས་བྱེད་པས་དུས་ཚིགས་རེར་རོགས་སྐྱོར་དུད་ཚང་ལ་བསྐྱོད་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་འབབ་འཕར་ལས་དོན་ལ་ཕྱོགས་ཡོངས་ནས་ལྟ་སྐུལ་མཛུབ་ཁྲིད་བྱས་ཏེ། རོགས་སྐྱོར་དུད་ཚང་གི་འབབ་འཕར་ལས་དོན་ལ་འཕྲད་པའི་དཀའ་གནད་དང་འགག་གནད་ཐག་གཅོད་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།