གཞིས་རྩེ་གྲོང་ཁྱེར་གཏིང་སྐྱེས་རྫོང་མདོ་བྲག་ཤང་གིས།
རིག་གནས་ལ་བརྟེན་པའི་བྱ་ཐབས་ཁྱབ་གདལ་གྱིས་གྲོང་གསེབ་དར་རྒྱས་ལ་འདེགས་སྐྱོར་བྱས་པ།
རིག་གནས་དར་རྒྱས་ནི་གྲོང་གསེབ་དར་རྒྱས་ཀྱི་ནང་དོན་གལ་ཆེན་དང་འདེགས་སྐྱོར་ནུས་ལྡན་ཞིག་རེད། གཞིས་རྩེ་གྲོང་ཁྱེར་གཏིང་སྐྱེས་རྫོང་མདོ་བྲག་ཤང་གིས་འདི་ལོ་ཚུན་དུ་རིག་གནས་འཛུགས་སྐྱོང་ནས་འགོ་བརྩམས་ཏེ་རིག་གནས་སྐྱོང་མཁས་རང་བཞིན་སྐུལ་སྤེལ་དང་བེད་སྤྱོད་གང་ལེགས་དང་། རིག་གནས་ལ་བརྟེན་པའི་བྱ་ཐབས་ཁྱབ་གདལ་གཏོང་བ། “ཡིད་དབང་འཕྲོག་པའི་མདོ་བྲག་དང་རིག་གནས་གདོང་ལེན་པའི”རིག་གནས་སྤུས་རྟགས་གཏོད་ནས་གྲོང་གསེབ་དར་རྒྱས་ལ་ནུས་པ་ཧུར་ཐག་བཏོན་ཡོད་པ་རེད།
མདོ་བྲག་ཤང་གིས“རིག་གནས+འཐབ་ས་འཛུགས་སྐྲུན”ལ་དམིགས་པ་དང་། བསམ་བློའི་སྣེ་ཁྲིད་དང་། ཀུན་སྤྱོད་སློབ་གསོ། རིག་གནས་རྒྱུན་འཛིན་སོགས་ཀྱི་ནང་དོན་ལ་གཞིགས་ཏེ། རིག་གནས་ས་ཚིགས་དང་། རིག་གནས་ཐང་ཆེན། རིག་གནས་འགྲེམས་སྟོན་ཚོམས་ཆེན། ནང་སྦྱོང་ཁང་། རིག་གནས་བར་ཁྱམས། ལུས་སྦྱོང་ཁང་། དཔེ་མཛོད་ཁང་སོགས་ད་ཡོད་ཀྱི་ཐོན་ཁུངས་གང་ལེགས་སྤྱོད་པ་དང་། རིན་མེད་སྒོ་འབྱེད་ལམ་ལུགས་ལག་ལེན་བསྟར་ཏེ་ཤང་གི་རིག་གནས་འཐབ་ས་དེ་ཉིད་མི་དམངས་མང་ཚོགས་ཀྱི་བསམ་པའི་ཁྱིམ་གཞིས་ལ་ཧུར་ཐག་འགྱུར་བར་བྱས་ཡོད། “རིག་གནས+རིགས་པའི་གཞུང་ལུགས་སྒྲོག་འགྲེལ”ལ་ཤུགས་བརྒྱབ་ནས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ཁང་གི་སྒྲོག་འགྲེལ་ཚོགས་པ་བཙུགས་ཏེ“ཟླ་རེར་འཆད་ཁྲིད་ཐེངས་གཅིག་དང་། དུས་ཚིགས་རེར་ཚུར་ལན་ཐེངས་རེ། ལོ་འཁོར་དཔྱད་ཞིབ”བཅས་ཀྱི་ལམ་སྲོལ་ལག་ལེན་བསྟར་བ་དང་། སྒྲོག་འགྲེལ་གྱི་གོ་རིམ་ཚད་ལྡན་དུ་བཏང་སྟེ་མི་སེར་གྱི་ཁྱིམ་དང་མང་ཚོགས་ཁྲོད་སྒྲོག་འགྲེལ་བྱེད་སྒོ་དེ་བས་ཡག་པོ་སྤེལ་བར་སྐུལ་འདེད་བཏང་ཡོད། འདི་ལོ་ཚུན་དུ་སྒྲོག་འགྲེལ་ཐེངས་36བྱས་པ་དང་། ཞིང་པའི་དཔེ་ཁང་ལ་བརྟེན་ནས“དམངས་ཡོངས་ཀྱི་དཔེ་ཀློག་དང་རིག་དཔལ་དར་བའི་མདོ་བྲག”ཞེས་པའི་དཔེ་དེབ་འདུ་ཚོགས་གཉེར་ནས་ཤང་ཡོངས་ཀྱི་ཁྱབ་ཁོངས་སུ“དཔེ་དེབ་ཀློག་ཤེས་པ་དང་། དཔེ་དེབ་ཀློག་རྒྱུར་དགའ་བ། དཔེ་དེབ་ཡག་པོ་ཀློག་པ”བཅས་ཀྱི་རྣམ་པ་ཟབ་མོ་དར་སྤེལ་དང་ཆགས་པར་བྱས་ཡོད། ཀུན་སྤྱོད་དཔེ་བཟང་བའི་འཆད་ཁྲིད་ཁང་ཆེན་པོ་གཉེར་ནས་ཀྲུང་ཧྭའི་སྲོལ་རྒྱུན་སྤྱོད་བཟང་དང་སྤྱི་ཚོགས་ཀྱི་ཀུན་སྤྱོད་དར་སྤེལ་བཏང་སྟེ། ཞིང་འབྲོག་པ་ཏང་ཡོན་མང་ཚོགས་ཀྱིས“ཀུན་སྤྱོད་ལ་སྣང་ཆེན་དང་། ཀུན་སྤྱོད་ལ་བརྩི་བཀུར། ཀུན་སྤྱོད་སྲུང་བ”བཅས་བྱེད་པའི་སྤྱི་ཚོགས་ཀྱི་གོམས་སྲོལ་བཟང་པོ་བཏོད་ཡོད། “རིག་གནས+དང་བླངས་ཞབས་ཞུར”དམིགས་ནས་མང་ཚོགས་ཀྱི་དགོས་མཁོར་གནད་སྨིན་བསྟུན་པ་དང་། “མང་ཚོགས་ཀྱིས་མངག་པ་དང་། སུའོ་དང་ས་ཚིགས་ཀྱིས་སྐྱེལ་བ། མང་ཚོགས་ཀྱིས་དཔྱད་བསྡུར་བཅས་བྱེད་པའི”ལས་ཀའི་བྱ་ཐབས་བཟོ་བ་དང་ལག་ལེན་བསྟར་ཏེ། ཤང་དང་གྲོང་གསེབ་རིམ་པ་གཉིས་ཀྱི་དང་བླངས་པ་སྒྲིག་འཛུགས་ཀྱིས་མི་སྡོད་ཁོར་ཡུག་བཅོས་སྒྲིག་དང་། གཞིས་ལུས་བྱིས་པར་འཚམས་འདྲི། མི་ཧྲེང་དང་དབང་པོ་སྐྱོན་ཅན་རྒན་རྒོན་ལ་རོགས་རམ། ཁྱིམ་མཚེས་དབར་གྱི་རྩོད་གཞི་འདུམ་འགྲིག འོས་འགན་སྨན་བཅོས་སོགས་ཀྱི་སྤུས་རྟགས་དང་བླངས་ཞབས་ཞུའི་བྱེད་སྒོ་ཐེངས་50ལྷག་ཙམ་སྤེལ་ནས། ཁྱིམ་མཚེས་དབར་ཕན་ཚུན་རོགས་རམ་དང་ལྟ་སྐྱོང་བྱེད་པའི་སྤྱི་ཚོགས་ཀྱི་གོམས་སྲོལ་ཆགས་པར་ཁྲིད་སྟོན་བྱས་ཡོད། “རིག་གནས+རིག་རྩལ་བྱེད་སྒོ”འཚོལ་ཞིབ་བྱས་ཏེ་རྫོང་ཡོངས་ཀྱི་ཤང་རིམ་པའི་རིག་རྩལ་འཁྲབ་སྟོན་རུ་ཁག་ཐོག་མ“མཚོ་མོ་བཀྲ་ཤིས་གླིང”བཙུགས་པ་དང་ཆབས་ཅིག་གྲོན་དངུལ་བསྡུ་སྒྲིལ་བྱས་ནས་འཁྲབ་སྟོན་རུ་ཁག་ལ་རིག་རྩལ་རུ་ཁག་ནང་སྦྱོང་ཁང་དང་། གྱོན་ཆས་དང་འཁྲབ་ཆས། སྒྲ་སྐྱེད་ཡོ་བྱད་སོགས་བཀོད་སྒྲིག་བྱས་ཡོད། འཁྲབ་སྟོན་རུ་ཁག་གིས་མང་ཚོགས་ཚོས་ལྟ་འདོད་ལ་ཉན་སྤྲོ་བའི་བྱ་ཐབས་ཀྱི་ཐོག་ནས་རིགས་མང་བ་དང་འབྲེལ་འདྲིས་ཐུབ་པའི་རིག་གནས་བྱེད་སྒོ་སྣ་ཚོགས་རྒྱུན་དུ་སྤེལ་ཏེ་གཞི་རིམ་གྱི་རིག་གནས་འཚོ་བ་སྔར་བས་ཕུན་སུམ་ཚོགས་སུ་བཏང་ཡོད། “རིག་གནས+མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང”ལ་སྐུལ་འདེད་བཏང་ནས་མི་རིགས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ཡོང་བ་དང་། གནའ་ཤུལ་གྲགས་ཅན་གྱི་འབྲེལ་ཡོད་ལོ་རྒྱུས་དཔྱད་གཞི་འཚོལ་བསྡུ་བྱེད་པ།“ཡིད་དབང་འཕྲོག་པའི་མདོ་བྲག་དང་རིག་གནས་གདོང་ལེན་པའི”རིག་གནས་དྲིལ་བསྒྲགས་ལག་དེབ་བཟོ་བ། བྱ་ཐབས་གསར་གཏོད་དང་དྲིལ་བསྒྲགས་རྒྱ་ཁྱབ་བྱེད་པ། རིག་གནས་ཐོན་ལས་རྒྱ་སྟོབས་ཆེ་རུ་གཏོང་བ། རིག་གནས་ཀྱི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་བྱས་ཏེ། ཤང་ཡོངས་ཀྱི་རིག་གནས་ཡུལ་སྐོར་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད་པ་རེད།