སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་བརྟན་ལྷིང་མཐུན་སྒྲིལ་གྱི་ཆབ་སྲིད་རྣམ་པ་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས།
—— སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་བཙུགས་ནས་ལོ་75འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གླེང་བ།
མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།
“བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་གཏོང་བའི་ཁྲོད་མི་དམངས་སྲིད་གྲོས་ཀྱི་མངོན་གསལ་དོད་པའི་ཆབ་སྲིད་ཀྱི་ལེགས་ཆ་དེ་བས་བཏོན་ནས་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་བརྟན་ལྷིང་མཐུན་སྒྲིལ་གྱི་ཆབ་སྲིད་རྣམ་པ་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས” སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་བཙུགས་ནས་ལོ་75འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གསུང་བཤད་གལ་ཆེན་གནང་སྟེ་མི་དམངས་སྲིད་གྲོས་ཀྱི་མངོན་གསལ་དོད་པའི་ཀྲུང་གོའི་ཁྱད་ཆོས་དང་ཆབ་སྲིད་ཀྱི་ལེགས་ཆ་རྒྱས་བཤད་གཏིང་ཟབ་གནང་བ་མ་ཟད། མི་དམངས་སྲིད་གྲོས་ཀྱིས“ཆེད་དམིགས་གྲོས་མོལ་ལས་ཁུངས་ཀྱི་ནུས་པ་བཏོན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་མི་སེམས་དང་། ཐུན་མོང་ངོས་འཛིན། བློ་གྲོས། སྟོབས་ཤུགས་བཅས་རྒྱ་ཁྱབ་ངང་གཅིག་སྒྲིལ་བྱེད་དགོས་པའི”རེ་བ་ཡང་བཏོན་གནང་ཡོད།
དུས་རབས་གསར་པར་མི་དམངས་སྲིད་གྲོས་ཀྱིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་ཏང་ཤོག་ཚོགས་པ་ཁག་དང་མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་རྒྱུར་མཐུན་སྒྲིལ་ཁྲིད་སྟོན་དང་། བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་ནས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་། འགག་སྒྲོལ་དཀའ་སེལ། གསར་འབྱེད་འབད་འབུངས་བཅས་ཀྱི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པར་བྱེད་པ། གཙོ་གནད་ལས་འགན་ལ་དམིགས་པ་དང་། གྲོས་མོལ་སྲིད་གླེང་གཏིང་ཟབ། ཐབས་འདོན་ཇུས་འབུལ་ཧུར་ཐག་བཅས་བྱས་ཏེ་ཚན་རིག་དང་མཐུན་པའི་ཐབས་ཇུས་དང་སྲིད་ཇུས་ལག་བསྟར་ནུས་ལྡན་བྱེད་པར་དགེ་མཚན་ལྡན་པའི་དཔྱད་གཞི་མཁོ་འདོན་བཅས་བྱས་ཡོད། མི་དམངས་སྲིད་གྲོས་ཀྱི་མངོན་གསལ་དོད་པའི་ཆབ་སྲིད་ཀྱི་ལེགས་ཆ་དེ་བས་བཏོན་ཚེ། མི་དམངས་ཀྱི་རང་ཁྱིམ་རང་བདག་གི་ལམ་ལུགས་ཀྱི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱི་བློ་གྲོས་དང་སྟོབས་ཤུགས་གཅིག་སྒྲིལ་གང་ཐུབ་བྱེད་པ། ཚན་རིག་དང་མཐུན་པའི་འཐབ་ཇུས་དང་སྲིད་ཇུས་ལག་བསྟར་ནུས་ལྡན་བྱེད་པར་སྐུལ་འདེད་དང་རྒྱལ་ཁབ་བཅོས་སྐྱོང་ནུས་པ་ཆེ་རུ་གཏོང་བ་བཅས་ལ་ཕན་ཐོགས་ཡོད་པ་ལག་ལེན་ལས་གསལ་བཤད་གང་ལེགས་བྱས་ཡོད།
ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ཀྲུང་གོ་མི་དམངས་ཡོངས་ཀྱི་ཐུན་མོང་གི་བྱ་གཞག་ཅིག་ཡིན་ལ། ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱི་ཐུན་མོང་གི་ཕུགས་འདུན་ཞིག་ཀྱང་རེད། མིག་སྔར། འཛམ་གླིང་གི་འཕོ་འགྱུར་དང་། དུས་རབས་ཀྱི་འཕོ་འགྱུར། ལོ་རྒྱུས་ཀྱི་འཕོ་འགྱུར་བཅས་རྒྱུན་ཆད་མེད་པར་རྒྱ་ཆེ་རུ་དང་ཟབ་ཏུ་འགྲོ་བཞིན་ཡོད་ལ། རང་རྒྱལ་གྱི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན་གྱི་དཀའ་ཚེགས་དང་ལྗིད་རྫོབ་སྔར་བྱུང་མྱོང་མེད་པ་ཞིག་ཡིན་པས། སེམས་ཤུགས་དང་སྟོབས་ཤུགས་དེ་བས་གཅིག་སྒྲིལ་བྱས་ཏེ་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་མཐུན་སྒྲིལ་ཆེན་པོ་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་བ་དང་རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་གི་མཐུན་སྒྲིལ་ཆེན་པོར་ཤུགས་སྣོན་རྒྱག་དགོས། མཐུན་སྒྲིལ་ལ་སྣང་ཆེན་དང་མཐུན་སྒྲིལ་ལ་གཙིགས་ཆེན་བྱེད་པ་ནི་མི་དམངས་སྲིད་གྲོས་ཀྱི་སྲོལ་རྒྱུན་བཟང་པོ་དང་ཆབ་སྲིད་ཀྱི་འགན་འཁྲི་ཞིག་རེད། མི་དམངས་སྲིད་གྲོས་ཀྱིས་རྒྱང་ལམ་གསར་པར་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ་དང་ཆབ་སྲིད་ཀྱི་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས་རང་རྟོགས་ངང་ཀྲུང་ཧྭའི་བུ་ཕྲུག་གི་མཐུན་སྒྲིལ་ཆེན་པོར་སྐུལ་འདེད་གཏོང་བ་དང་། སྐུལ་སློང་བྱེད་ཐུབ་པའི་མཐུན་རྐྱེན་མཐའ་དག་སྐུལ་སློང་བྱེད་པ། མཐུན་སྒྲིལ་བྱེད་ཐུབ་པའི་སྟོབས་ཤུགས་མཐའ་དག་ལ་མཐུན་སྒྲིལ་བཅས་བྱས་ཚེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་ཐུབ་ངེས་རེད།
གཟི་བརྗིད་དང་ཕུགས་འདུན་གྱིས་ཁེངས་པའི་རྒྱང་ལམ་གསར་པར་འབད་འཐབ་བྱེད་པར་མི་དམངས་སྲིད་གྲོས་ཀྱི་ལས་འགན་གཟི་བརྗིད་ཆེ་ལ་འགན་འཁྲི་ཡང་ལྕི་པོ་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུར་དམིགས་ཏེ་སྲིད་གླེང་ཇུས་འདོན་བྱེད་པར། མི་དམངས་སྲིད་གྲོས་ཀྱིས་ཤེས་ལྡན་པ་མང་བ་དང་རིག་སྟོབས་གཅིག་སྡུད་ཀྱི་ལེགས་ཆ་བཏོན་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་སོགས་ཐད་ཀྱི་གཙོ་གནད་དང་། དཀའ་གནད། གླེང་མང་བ་བཅས་ཀྱི་གནད་དོན་ལ་དམིགས་ཏེ་གྲོས་མོལ་སྲིད་གླེང་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས་པའི་བླང་བྱ་བཏོན་ཡོད། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་མཐུན་ཆ་ཆེ་ཤོས་ལ་ཤུགས་སྣོན་རྒྱག་པར། མི་དམངས་སྲིད་གྲོས་ཀྱིས་འཐབ་ཕྱོགས་གཅིག་གྱུར་ལ་བརྟེན་ནས་མི་སེམས་གཅིག་སྒྲིལ་དང་སྟོབས་ཤུགས་གཅིག་སྡུད་ཀྱི་ཆབ་སྲིད་ཀྱི་ནུས་པ་འདོན་པའི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས། གདེང་ཚོད་ཆེ་རུ་གཏོང་བ་དང་། དམངས་སེམས་གཅིག་སྒྲིལ། མི་སེམས་ལ་དྲོ་སྐྱིད་སྦྱིན་པ། སེམས་མཐུན་གཏོད་པ་བཅས་ཀྱི་ལས་དོན་མང་ཙམ་སྒྲུབ་དགོས་པའི་བླང་བྱ་བཏོན་ཡོད། མི་དམངས་སྲིད་གྲོས་ཀྱི་ལས་ཀའི་ལམ་ལུགས་དང་ལམ་སྲོལ་འཐུས་སྒོ་ཚང་དུ་ཧུར་ཐག་གཏོང་བར། མི་དམངས་སྲིད་གྲོས་ཀྱིས་སྲིད་གྲོས་ཀྱི་གྲོས་མོལ་དང་གྲོས་མོལ་བྱེད་སྟངས་གཞན་དག་མཐུན་སྦྱོར་གཞོགས་འདེགས་བྱེད་པར་ཤུགས་སྣོན་བརྒྱབ་ནས། གྲོས་མོལ་མཉམ་འགུལ་གཏིང་ཟབ་དང་། བསམ་འཆར་གང་ལེགས་འདོན་པ། ཐུན་མོང་ངོས་འཛིན་རྒྱ་ཁྱབ་གཅིག་སྒྲིལ་བཅས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་སྤྱི་ཚོགས་ཀྱི་གནས་ཚུལ་དང་མི་དམངས་ཀྱི་བསམ་འདུན་གོང་ཞུ་དང་། མང་ཚོགས་དང་འབྲེལ་བ་བྱེད་པ། མི་དམངས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་ལམ་སྲོལ་འཛུགས་པར་ཤུགས་སྣོན་རྒྱག་དགོས་པའི་བླང་བྱ་བཏོན་ཡོད། སྲིད་གྲོས་ཨུ་ཡོན་གྱི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་རྒྱག་པར། མི་དམངས་སྲིད་གྲོས་ཀྱིས་སྲིད་གྲོས་རྟོགས་པ་དང་། གྲོས་མོལ་བྱེད་ཤེས་པ། སྲིད་གླེང་ལ་མཁས་པ། སྒྲིག་ཁྲིམས་སྲུང་བ། ལུགས་སྲོལ་ལ་སྣང་ཆེན། ཀུན་སྤྱོད་ལ་གཙིགས་ཆེན་བཅས་ཀྱི་སྲིད་གྲོས་ཨུ་ཡོན་གྱི་དཔུང་ཁག་བཏོད་ནས་མི་དམངས་སྲིད་གྲོས་དེ་ཨུ་ཡོན་གྱི་ཁྱིམ་གཞིས་དང་། དམངས་གཙོའི་ཁྱིམ་གཞིས། མཐུན་སྒྲིལ་གྱི་ཁྱིམ་གཞིས་བཅས་སུ་སྐྲུན་དགོས་པའི་བླང་བྱ་བཏོན་ཡོད།
མཐུན་སྒྲིལ་བྱས་ནས་སྟོབས་ཤུགས་གཅིག་ཏུ་སྒྲིལ། འབད་འཐབ་བྱས་ནས་བྱ་གཞག་རླབས་ཆེན་གཏོད། ད་ཆ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད་ལ། ཀྲུང་ཧྭ་མི་རིགས་ཀྱིས་གོམ་ཞེང་ཆེན་པོས་བསྐྱར་དར་རླབས་པོ་ཆེའི་ཕྱོགས་སུ་སྐྱོད་བཞིན་ཡོད། རྒྱང་ལམ་གསར་པར་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ཟབ་སྦྱོང་མཐིལ་རྟོགས་ཀྱིས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “སྲུང་སྐྱོང་གཉིས”རང་རྟོགས་ངང་ཐུབ་པར་བྱེད་པ། ཏང་གི་འགོ་ཁྲིད་དང་། འཐབ་ཕྱོགས་གཅིག་གྱུར། གྲོས་མོལ་དམངས་གཙོ་བཅས་ཟུང་འབྲེལ་ནུས་ལྡན་མཐའ་འཁྱོངས་བྱེད་པ། ཀྲུང་ཧྭའི་བུ་ཕྲུག་ཡོངས་སྐུལ་སློང་རྒྱ་ཁྱབ་བྱས་ཏེ་མཉམ་དུ་བསམ་བློ་གཏོང་བ་དང་མཉམ་དུ་ལས་དོན་སྒྲུབ་པ། མི་རིགས་བསྐྱར་དར་མངོན་འགྱུར་བྱེད་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་ཚེ། ཐུན་མོང་ཐོག་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བརྗིད་ཆེའི་ལེའུ་རྩོམ་ཐུབ་ངེས་རེད།