དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་མྱོང་ཚོར་བྱས་ནས་ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་སྐུལ་འདེད་གཏོང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པས།   |     སྤེལ་དུས།  2024-09-24

    ཀྲུང་གོའི་རིག་གནས་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་། ཀྲུང་ཧྭའི་ཤེས་དཔལ་གཏིང་ཟབ་ཅིང་རྒྱ་ཆེན་པོ་ཡོད། ད་ཕན་ལོ་ཤས་རིང་། ཕྱི་རྒྱལ་བ་དེ་བས་མང་བས་ཀྲུང་གོའི་རིག་གནས་ལ་དགའ་པོ་བྱེད་པ་དང་འབྲེལ་ཀྲུང་གོར་ལས་ཀ་དང་འཚོ་བ་སྐྱེལ་བར་ཡོང་རྒྱུའི་གདམ་ག་བྱེད་ཀྱི་ཡོད། ཁོང་ཚོས་ཤེས་དཔལ་སྤེལ་རེས་དང་དཔྱད་གཞིར་འཛིན་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ནས་འཛམ་གླིང་གིས་ཀྲུང་གོའི་རིག་གནས་ལ་ཤེས་རྟོགས་དེ་བས་མང་བ་བྱ་ཆེད་ནུས་ཤུགས་གང་ཡོད་འདོན་བཞིན་ཡོད།

    ཏུན་ཧོང་མོ་ཀའོ་བྲག་ཕུག་ཏུ་སྦྱར་དཀར་གནམ་ལ་ཐུག་ཅིང་ཡུལ་སྐོར་བས་ཁེངས་བཞིན་མཆིས།

    “ལོ་ངོ་སྟོང་གི་མོ་ཀའོ་བྲག་ཕུག་ནང‘འཛམ་གླིང་གི་ཏུན་ཧོང་རིག་གནས’ཀྱིས་ཁེངས་ཡོད”ཅེས་མདུན་དུ་རྒྱ་སྐད་ཆུ་རྒྱུག་རྒྱུག་རྒྱག་མཁན་གྱི་ཨ་རི་བ་ནི་ཏུན་ཧོང་ཞིབ་འཇུག་ཁང་གི་ཕྱི་རྒྱལ་གྱི་ཞིབ་འཇུག་པ་དང་པོ་ཧྲི་ཧན་ཝུན་རེད།

    1987ལོར། མོ་ཀའོ་བྲག་ཕུག་དེ་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་འཛམ་གླིང་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་བཅུག་ནས་ཀྲུང་གོའི་ཆེས་ཐོག་མའི་འཛམ་གླིང་རིག་གནས་ཤུལ་བཞག་གི་གྲས་སུ་གྱུར་ཡོད། ལོ་དེར། ཧྲི་ཧན་ཝུན་ཏུན་ཧོང་དུ་ཡོང་ཐེངས་དང་པོ་ཡིན་པ་དང་། དེའི་རྗེས་ཀྱི་ལོ30ལྷག་གི་རིང་། ཁོང་གིས་ཏུན་ཧོང་རིག་གནས་ལ་རྒྱུས་ལོན་དང་ཞིབ་འཇུག་རྒྱུན་ཆད་མེད་པར་བྱས།

    ཧྲི་ཧན་ཝུན་གྱིས་ཏུན་ཧོང་རིག་གནས་ཀྱིས་རང་ངོས་ཀྱི་ཁྱད་ཆོས་རྒྱུན་འཁྱོངས་བྱེད་པ་དང་ཆབས་ཅིག་ཤེས་དཔལ་སྣ་ཚོགས་ཀྱི་ཕུལ་བྱུང་གྲུབ་འབྲས་རྒྱུན་ཆད་མེད་པར་དཔྱད་གཞིར་འཛིན་པ་དང་བསྡུ་ལེན་བྱས་པ་དེ་ཐོག་ནས་ཀྲུང་གོའི་སྲོལ་རྒྱུན་རིག་གནས་ཀྱི་བློ་གཤོགས་ཆེན་པོ་མཚོན་གྱི་ཡོད། “རིག་གནས་ཀྱི་གདེང་ཚོད་དེ་རིགས་ཀྱིས་མི་རྣམས་ཀྱིས་ཕྱོགས་བཞི་མཚམས་བརྒྱད་ནས་དར་ཡོང་བའི་རིག་གནས་སྒྱུ་རྩལ་གྱི་གཞི་རྒྱུ་སྤྲོ་སྣང་ཆེན་པོས་དང་ལེན་བྱེད་ཐུབ”ཅེས་བརྗོད།

    ཧྲི་ཧན་ཝུན་གྱིས“ཏུན་ཧོང་ནི་ཤེས་དཔལ་དང་བསམ་བློ་མི་འདྲ་བ་ཞི་མཐུན་མཉམ་གནས་ཀྱི་དཔེ་མཚོན་ཞིག་རེད”ཅེས་བརྗོད་པ་དང་། ཁོང་གིས་ཏུན་ཧོང་རིག་གནས་ཀྱིས་མི་རྣམས་ལ་སྔར་སོང་གི་བྱུང་བ་ཤེས་ལ། དེང་སྐབས་དང་དེ་བཞིན་གོ་ལ་ཧྲིལ་པོ་ཅན་གྱི་འབྱུང་འགྱུར་ལ་ཤེས་རྟོགས་བྱེད་པར་རོགས་རམ་བྱེད་ཐུབ། “རང་ཉིད་ཀྱི་ཞིབ་འཇུག་དང་ངོ་སྤྲོད་བརྒྱུད། རྒྱལ་ཁབ་ཁག་གི་དམངས་ཚོགས་ཚོས་ཏུན་ཧོང་དང་དེའི་འགྲན་ཟླ་བྲལ་བའི་བསམ་པའི་རྒྱུ་ནོར་དེ་བས་ལེགས་པའི་སྒོ་ནས་ཤེས་རྟོགས་ཐུབ་རྒྱུའི་རེ་བ་ཡོད”ཅེས་བརྗོད།

    ནེའུ་ཙི་ལན་ནས་ཡིན་པའི་ཆའོ་ཨན་ན་ནི་ཀྲེ་ཅང་གཡོད་ཤིའུ་ཕྱི་རྒྱལ་སྐད་ཡིག་སློབ་གླིང་གི་ཕྱི་རྒྱལ་གྱི་དགེ་རྒན་ཞིག་རེད། ཁོང་གིས་བཙུགས་པའི“ཀྲུང་གོ་དང་ཕྱི་རྒྱལ་གྱི་རི་ཆུའི་སྙན་ངག་གི་བསྡུར་བ་དང་མྱོང་བ”ཞེས་པའི་སློབ་ཚན་ལ་སློབ་མ་ཚོས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད།

    “ང་ཆུང་དུས་ནས་ཀྲུང་གོར་ཧ་ཅང་དགའ་པོ་ཡོད། ཀྲུང་གོའི་གནའ་རབས་ཀྱི་རྒྱན་གོས་དང་ཟློས་གར་ཡིན་ནའང་འདྲ། ཡང་ན་ཡིད་དབང་འཕྲོག་ཤུགས་ལྡན་པའི་རྒྱ་ཡིག་ཡིན་ནའང་འདྲ། གང་ལྟར་ཚང་མས་ངའི་ཡིད་དབང་རྦད་དེ་འཕྲོག་བྱུང”2002ལོར་ཆའོ་ཨན་ན་ཀྲུང་གོའི་ཤིས་ཨན་དུ་ཡོང་བ་དང་དེ་ནས་སྡོད་ཐེངས་གཅིག་ལ་ལོ་5བསྡད། དེ་གར་ཁོང་གིས་རྒྱ་ཡིག་སྦྱངས་པ་དང་། ཀྲུང་གོ་ནས་གྲོགས་པོ་མི་ཉུང་བ་ཞིག་སྒྲིག་པ་མ་ཟད། ཀྲུང་གོའི་ལོ་རྒྱུས་དང་རིག་གནས་ལ་ཞིབ་འཇུག་ཀྱང་བྱེད་འགོ་ཚུགས།

    ཀྲུང་གོའི་རིག་གནས་ལ་དགའ་བའི་ཆའོ་ཨན་ན་ཡིས་ཕྱི་རྒྱལ་གྱི་སློབ་མ་ཚོར་སློབ་ཚན་ཁྲིད་སྐབས། རྟག་ཏུ་ཀྲུང་གོའི་རིག་གནས་དང་མཛེས་རིག་དང་དེའི་རིན་ཐང་ལྟ་བ་ངོ་སྤྲོད་ཧུར་ཐག་བྱས་ནས་སློབ་མ་མང་པོ་ཞིག་ཀྲུང་གོའི་རིག་གནས་ལ་དགའ་སྣང་སྐྱེས་སུ་འཇུག་གི་ཡོད། ཁོང་གིས་ད་དུང་ཧྲའོ་ཤིང་གི་ཡུལ་སྲོལ་གོམས་གཤིས་སྐོར་ཡིག་སྒྱུར་བྱས་ནས་དུས་དེབ་ཐོག་སྤེལ་བ་མ་ཟད། ཀྲུང་གོའི་རིག་གནས་སྐོར་གཏམ་བཤད་ཐེངས་མང་སྤེལ་ནས་ངོ་སྤྲོད་བྱས་པ་རེད། 2016ལོའི་ཟླ་10པར། ཆའོ་ཨན་ན་ལ་ཀྲེ་ཅང་གི“ཤིས་ཧུའུ་མཚེའུ་ཡི་མཛའ་གྲོགས་བྱ་དགའ”ཐོབ་པ་རེད།

    ཆའོ་ཨན་ན་ཡིས“ངས་སེམས་ནུས་དེ་བས་མང་བ་བཏོན་ཏེ་རྒྱལ་ཁབ་ཁག་གི་གྲོགས་པོ་ཚོར་ངོ་མཚར་ཆེ་བའི་ཀྲུང་གོའི་རིག་གནས་མཉམ་སྤྱོད་བྱས་ནས། ཀྲུང་གོ་དང་ཕྱི་རྒྱལ་གྱི་རིག་གནས་སྤེལ་རེས་ལ་སྐུལ་འདེད་གཏོང་ཆེད་སྦྲེལ་ཟམ་གྱི་ནུས་པ་འདོན་འདོད་ཡོད”ཅེས་བརྗོད།

    ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་ཀུའེ་ལིན་གྲོང་ཁྱེར་དབྱང་ཧྲུའོ་རྫོང་གི་ལས་དོན་པ་ཁ་ཤས་ཁང་པ་རྙིང་པ་ཞིག་ཉམས་གསོ་བྱེད་བཞིན་ཡོད་པ་དང་། དེའི་ཁྲོད་ལྷོ་ཨ་ཧྥེ་རི་ཁ་ནས་ཡོང་བའི་བཟོ་སྐྲུན་པ་དབྱི་ཨེན·ཧན་མུའུ་ལིན་ཏུན་གྱིས་ཕུ་ཐུང་བརྫེས་ནས་ལས་ལ་བྲེལ་བཞིན་ཡོད། “མི་མང་པོ་ཞིག་གིས་ང་ལ་ཁང་པ་རྙིང་པ་ཉམས་གསོ་བྱེད་པར་ཉམས་མྱོང་ལྡན་སྙམ་ནས་ཚང་མས་ང་རང་རོགས་པ་བྱེད་པར་སྐད་གཏོང་གི་ཡོད”ཅེས་ཧན་མུའུ་ལིན་ཏུན་གྱིས་གད་མོ་དགོད་བཞིན་བརྗོད།

    “ང་སློབ་ཆེན་འགྲིམ་སྐབས། དཔེ་དེབ་ནང་ནས་ཀྲུང་གོའི་ཕྱོགས་བཞིར་ཁང་པ་ཡོད་པའི་ར་སྐོར་མཐོང་བྱུང་། དུས་དེ་ནས་བཟུང་རང་ཉིད་ཀྲུང་གོའི་སྲོལ་རྒྱུན་གྱི་གྲོང་མིའི་སྡོད་ཁང་ལ་དགའ་སྣང་ཆེན་པོ་སྐྱེས་བྱུང”ཞེས་ཧན་མུའུ་ལིན་ཏུན་གྱིས་བརྗོད་པ་དང་། 2002ལོར་ཧན་མུའུ་ལིན་ཏུན་ལ་དབྱང་ཧྲུའོ་རྫོང་པེ་ཧྲ་གྲོང་རྡལ་ཅིའུ་ཤན་གྲོང་ཚོ་ནས་རི་སྔོ་ཆུ་དྭངས་ཁྲོད་ཀྱི་ཀྲུང་གོའི་གྲོང་མིའི་སྡོད་ཁང་སྟེས་དབང་གིས་མཐོང་བ་དང་། སྣོད་བཅུད་མཉམ་གནས་ཀྱི་སྐྲུན་དངོས་ཀྱི་མཛེས་པར་ཞེན་ཆགས་ནས་ཕ་ཡུལ་ལ་ལོག་མི་འདོད་པའི་སྣང་བ་ཞིག་འཆར། “དེ་གར་འཚོ་བ་བསྐྱལ་ཚེ་ངའི་གསར་གཏོད་ཀྱི་རིག་ཀློང་རྒྱུན་མི་ཆད་པར་བརྡོལ་ངེས་ཡིན་པའི་ཡིད་ཆེས་ཡོད”ཅེས་བརྗོད་པ་དང་། ཁོང་གིས“དེ་གར་སྲོལ་རྒྱུན་གྱི་གྲོང་མིའི་སྡོད་ཁང་ཞིག་བོགས་མར་གཡར་ཐུབ་པའི་རེ་བ་ཡོད”ཅེས་བརྗོད། 2010ལོར་ཧན་མུའུ་ལིན་ཏུན་སླར་ཡང་པེ་ཧྲ་གྲོང་རྡལ་ཅིའུ་ཤན་གྲོང་ཚོར་ལོག་ནས་བསམ་འདུན་བཞིན་ཁང་པ་རྙིང་པ་ཞིག་བོགས་མར་བླངས་པ་རེད།

    2012ལོར་ཅིའུ་ཤན་གྲོང་ཚོ་ཀྲུང་གོའི་སྲོལ་རྒྱུན་གྲོང་ཚོའི་མིང་གཞུང་ནང་བཅུག་པ་དང་། ཧན་མུའུ་ལིན་ཏུན་གྱི་སྐུལ་ཁྲིད་འོག་ས་གནས་དེ་གའི་གྲོང་མི་དེ་བས་མང་བ་ཞིག་གནའ་བོའི་གྲོང་མིའི་སྡོད་ཁང་སྲུང་སྐྱོང་དང་བེད་སྤྱོད་ཀྱི་དཔུང་ཁག་ནང་ཞུགས་པ་དང་གྲོང་མི་མང་པོ་ཞིག་ལ་དེའི་ཁྲོད་ནས་ཕན་པ་ཐོབ་ཡོད། གྲོང་མི་ཨ་མའོ་ནི་དེའི་ཁྲོད་ཀྱི་གྲས་ཤིག་རེད། 2013ལོར་ཕ་ཡུལ་དུ་ཡུལ་སྐོར་ལ་ཡོང་མཁན་རིམ་བཞིན་མང་དུ་ཕྱིན་པ་མཐོང་སྐབས། རྫོང་གྲོང་དུ་གཉེན་སྒྲིག་རྟེན་འབྲེལ་གྱི་ལས་ལ་གཞོལ་མཁན་ཨ་མའོ་ཕ་ཡུལ་དུ་ལོག་རྒྱུའི་སེམས་ཐག་བཅད། ཧན་མུའུ་ལིན་ཏུན་གྱི་སྐུལ་ལྕག་དང་རོགས་རམ་འོག་ཁོང་གིས་རང་ཁྱིམ་གྱི་སྡོད་ཁང་རྙིང་པ་དེ་དམངས་སྲོལ་གནས་ཚང་དུ་སྒྱུར་བཀོད་བྱས་ཡོད། “ཧན་མུའུ་ལིན་ཏུན་གྱིས་རིན་མི་དགོས་པར་ང་ཚོར་འཆར་འགོད་བྱེད་རོགས་བྱེད་ཀྱི་ཡོད། དེའི་ཐད་ཁོང་བྱང་པོ་འདུག སྒྱུར་བཀོད་བྱས་རྗེས་ཁང་པ་རྙིང་པར་ངའི་ཆུང་དུས་ཀྱི་དྲན་ཤེས་རང་སོར་བསྡད་འདུག་ལ་སྡོད་སའང་སྐྱིད་སྣང་དོད་དུ་ཕྱིན་སོང”ཞེས་ཨ་མའོ་ཡིས་དགའ་སྤྲོའི་ངང་བརྗོད།

    ད་ཆ་ཧན་མུའུ་ལིན་ཏུན་གྱི་གྲོགས་ཚོགས་རྒྱ་ཆེར་འགྲོ་བཞིན་ཡོད་ལ་ཁོང་གི་གནའ་བོའི་གྲོང་མིའི་སྡོད་ཁང་སྲུང་སྐྱོང་ལས་དོན་གྱི་ཁྱབ་ཁོངས་ཀྱང་ཇེ་ཆེར་འགྲོ་བཞིན་ཡོད། 2022ལོར་ཀོང་ཤིས་ཀྱི་དཔལ་འབྱོར་འཛུགས་སྐྲུན་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་བར་བརྟེན་ཧན་མུའུ་ལིན་ཏུན་ལ་ཀོང་ཤིས་ཀྱི“གསེར་གྱི་ཚེམ་དྲུབ་སྤོ་ལོའི་མཛའ་གྲོགས་བྱ་དགའ”ཐོབ་པ་རེད། ཧན་མུའུ་ལིན་ཏུན་གྱིས“ངས་རང་གི་ནུས་པས་ལྕོགས་ཚོད་ཀྱིས་བྱ་བ་ཆུང་ཙག་བསྒྲུབས་པ་ཙམ་ཡིན། ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱིས་ང་ལ་ཁས་ལེན་གནང་བར་ཐུགས་རྗེ་ཆེ་ཞུ་གི་ཡིན། གལ་སྲིད་གོ་སྐབས་ཡོད་ཚེ་ངས་ཚེ་མཇུག་ཏུ་ས་ཆ་འདིར་མུ་མཐུད་ནུས་པ་འདོན་ཐུབ་པའི་རེ་བ་བྱེད་ཀྱི་ཡོད”ཅེས་སེམས་འགུལ་ཆེན་པོ་ཐེབས་བཞིན་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།