མཚོ་སྔོན་གྱིས་རྒྱུན་གཏན་གཤགས་བཅོས་ཁག་127སྨན་བཅོས་འགན་བཅོལ་གྱི་ཁྱབ་ཁོངས་སུ་འཇུག་རྒྱུ་ཡིན་པ།
ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་9ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཚེས་19ཉིན་གསར་འགོད་པར་མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུས་ནས་ཤེས་རྟོགས་བྱུང་བར། སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་གྱི་སྨན་བཅོས་འགྲོ་གྲོན་གྱི་ཁུར་པོ་ཡང་དུ་གཏོང་ཆེད། མཚོ་སྔོན་གྱིས་རྒྱུན་གཏན་གཤགས་བཅོས་ཁག་127སྨན་བཅོས་འགན་བཅོལ་གྱི་ཁྱབ་ཁོངས་སུ་འཇུག་རྒྱུ་རེད།
ཉེ་ཆར། སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་བྱེད་སྟངས་སྒྱུར་བཅོས་སྐོར་གྱི་རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་ཀྱི་སྤྱིའི་བཀོད་སྒྲིག་གཞིར་བཟུང་། མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུས་ཀྱིས་ཐེབས་རྩའི་ཐེག་ནུས་དང་ཕྱོགས་མང་པོའི་དགོས་མཁོར་བསམ་གཞིགས་གང་ལེགས་བྱས་ཏེ“གསུས་ཤེལ་གྱི་རྒྱུ་ལྷག་གཤགས་བཅོས”སོགས་ནད་རིགས་71དང་འབྲེལ་བ་ཡོད་པའི་རྒྱུན་གཏན་གཤགས་བཅོས་ཁག་127སྨན་བཅོས་འགན་བཅོལ་གྱི་ཁྱབ་ཁོངས་སུ་འཇུག་རྒྱུ་ཡིན་པ་དང་། སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་ནད་པས་གཤགས་བཅོས་མ་བྱས་གོང་གི་སྒོ་བསྟེན་བརྟག་དཔྱད་འགྲོ་གྲོན་དང་གཤགས་བཅོས་རིང་གི་སྨན་བཅོས་འགྲོ་གྲོན་སྨན་ཁང་དུ་སྡོད་པའི་སྲིད་ཇུས་ལྟར་རྩིས་ཞུ་བྱ་རྒྱུ་ལས་ཐོག་མའི་གཏོང་སྤྲོད་ཚད་གཞི་མི་བཟོ་རྒྱུ། སྨན་བཅོས་འགན་བཅོལ་སྡེ་ཚན་གྱིས་ནད་རིགས་བརྟག་དཔྱད་ཀྱི་འབྲེལ་ཡོད་ཁག་བགོས(DRG)སམ་ཡང་ན་ནད་རིགས་ཀྱི་གྲངས་བགོས(DIP)ནང་འཇུག་པའི་ཚད་གཞི་ལྟར་གྲོན་དངུལ་སྤྲོད་རྒྱུ་བཅས་རེད། སྲིད་ཇུས་དེ་ཟླ་10ཚེས་1ཉིན་ནས་བཟུང་དངོས་སུ་ལག་ལེན་བསྟར་རྒྱུ་རེད།