ཁྲུང་ཆིང་ཧོ་ཁྲོན་དུ་ཆབ་མདོའི་སྣ་མང་ཕུན་སུམ་ཚོགས་པའི་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན་བྱས་པ།
ཟླ་9ཚེས་20ཉིན“བོད་སྐྱོར་ལོ་30ཡི་རིང་ཁྲུང་ཆིང་དང་ཆབ་མདོ་ཁྱིམ་ཚང་གཅིག་ལྟར་བརྩེ”ཞེས་པའི་གངས་ལྗོངས་ཀྱི་མཆོག་ནོར·བོད་ལྗོངས་ཆབ་མདོའི་སྣ་མང་ཕུན་སུམ་ཚོགས་པའི་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན་ཁྲུང་ཆིང་ཧོ་ཁྲོན་མཛེས་རྩལ་ཁང་དུ་བྱས་ཤིང་། འགྲེམས་སྟོན་ཐོག་ཐང་ག་དང་། བོད་ཡིག་ཡིག་གཟུགས། སྤོས། བོད་ལུགས་གསོ་རིག་དང་བོད་སྨན་སོགས་ཁྱབ་ཁོངས་མང་པོའི་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན་དང་ས་གནས་ས་ཐོག་ཏུ་ཡིག་གཟུགས་དང་རི་མོ་འབྲི་བའི་བྱེད་སྒོ་སྤེལ་བས། ལྟད་མོ་བ་ཚོས་ཆབ་མདོའི་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་པ་མྱོང་རོལ་ཐུབ་ཡོད།
གཙོ་གཉེར་ཕྱོགས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར། ཆབ་མདོ་གྲོང་ཁྱེར་ལ་རིམ་ཁག་ཚབ་མཚོན་རང་བཞིན་གྱི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཁག་261ཡོད་པའི་ནང་། རྒྱལ་ཁབ་རིམ་པའི་རྣམ་གྲངས་10དང་། རང་སྐྱོང་ལྗོངས་རིམ་པའི་རྣམ་གྲངས་41 གྲོང་ཁྱེར་རིམ་པའི་རྣམ་གྲངས་53 རྫོང་རིམ་པའི་རྣམ་གྲངས་157བཅས་ཡོད་ཅིང་། ད་ཐེངས་པར་རིས་དང་། ཡི་གེ དངོས་པོ་བཅས་འགྲེམས་སྟོན་བྱས་ནས་ཆབ་མདོའི་གྲོང་ཁྱེར་རིམ་པ་དང་དེ་ཡན་གྱི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་104གཙོ་གནད་ཐོག་འགྲེམས་སྟོན་བྱས་ཡོད། འགྲེམས་སྟོན་དེ“ཐང་གའི་གཏམ་རྒྱུད”དང་།“སྤྱིར་བཏང་མིན་པའི་སྒྱུ་རྩལ” “གངས་ལྗོངས་ཀྱི་པིར་རྩལ་ཉམས་འགྱུར”བཅས་ཚན་པ་གསུམ་ལ་དབྱེ་ཡོད་ལ། ཆབ་མདོ་ས་ཁུལ་གྱི་་ཚབ་མཚོན་རང་བཞིན་ལྡན་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ལེགས་འདེམས་ཀྱིས་འགྲེམས་སྟོན་བྱས་པའི་ནང་། རི་བོ་ཆེ་དགོན་དུ་ཉར་ཚགས་བྱས་པའི་ཐང་ག་སོགས་རྩ་ཆེའི་རིག་དངོས་6ནི་ཕྱིར་འགྲེམས་སྟོན་བྱེད་ཐེངས་དང་པོ་རེད།
ཆབ་མདོ་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས། ད་ཐེངས་ཀྱི་འགྲེམས་སྟོན་ནི་2024ལོའི་ཁྲུང་ཆིང་གྲོང་ཁྱེར་དང་བོད་རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་མཉམ་ལས་སྤེལ་རེས་བཞུགས་མོལ་ཚོགས་འདུའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་བྱ་ཐབས་ཤིག་རེད་ལ། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ་དང་རིག་གནས་དང་ཡུལ་སྐོར་སྤེལ་རེས་ལ་སྐུལ་འདེད་གཏོང་བའི་ཞིབ་ཕྲའི་དམ་འཛིན་བྱ་གཞི་ཞིག་ཀྱང་རེད། གོམ་སྟབས་རྗེས་མར་རིག་གནས་དང་ཡུལ་སྐོར་ཟུང་འབྲེལ་བྱས་ནས་ཁྲུང་ཆིང་དང་ཆབ་མདོ་ས་ཁུལ་གཉིས་ཀྱི་རིག་གནས་ཡུལ་སྐོར་སྤེལ་རེས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་སྟེ་རིག་གནས་ཡུལ་སྐོར་སྤེལ་རེས་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི“ལེའུ་གསར་པ”ཐུན་མོང་ཐོག་རྩོམ་རྒྱུ་ཡིན་ཞེས་བརྗོད་ཡོད།