ཧྲང་ཧའེ་ཡིས་ཐད་གཏོང་དཔལ་འབྱོར་ལ་བརྟེན་ནས་འཛད་སྤྱོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ།
འདི་ནི་2024ལོའི་ཧྲང་ཧའེ་དཔེ་དེབ་འགྲེམས་ཚོགས་སྐབས་ལས་དོན་པས་དྲ་ཐོག་ཐད་གཏོང་བརྒྱུད་དཔེ་དེབ་འོས་སྦྱོར་བྱེད་བཞིན་པ། (ཝང་ཁྲུའུ་ཡིས་པར་བླངས)
ཉེ་དུས་ཀྲུང་གོའི་ཧྲང་ཧའེ་ཡིས་ཐད་གཏོང་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཆར་གཞི་གསར་པ་ཁྱབ་བསྒྲགས་བྱས་ནས་2026ལོར་སླེབས་སྐབས་གྲོང་ཁྱེར་དེའི་ཐད་གཏོང་དྲ་ཚོང་གི་སིལ་ཚོང་དངུལ་འབོར་མི་དམངས་ཤོག་སྒོར་དུང་ཕྱུར་6000ཟིན་པའི་བརྩོན་ལེན་བྱེད་ཀྱི་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་རེད། ཉེ་དུས་ཁྱབ་བསྒྲགས་བྱས་པའི《ཧྲང་ཧའེ་གྲོང་ཁྱེར་གྱིས་ཐད་གཏོང་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི(2024ལོ་ནས་2026ལོ་བར)》གཞིར་བཟུང་། ཧྲང་ཧའེ་ཡིས་རྒྱལ་ཡོངས་ཀྱི་སྔོན་ཐོན་དང་རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ལྡན་པའི་ཐད་གཏོང་ལས་སྟེགས་10གཏོད་པ་དང་། གཞི་ཁྱོན་ཆེ་བ་དང་། སྣེ་ཁྲིད་ནུས་པ་ཆེ་བ། རྒྱལ་ནང་དུ་ཤུགས་རྐྱེན་ལྡན་པ་བཅས་ཀྱི་གཙོ་སྐྱོང་བར་ཞབས་འདེགས་ཞུ་བའི་སྒྲིག་གཞི་ཁག་གཅིག་སྐྱེད་སྲིང་བྱེད་པ། རྒྱལ་ནང་དུ་སྐད་གྲགས་ཆེ་བའི་ཐད་གཏོང་བྱེད་སྒོའི་IPསྤུས་རྟགས་ཁག་གཅིག་གཏོད་པ། ཁྱད་ལྡན་ཐད་གཏོང་བྱེད་ས་100གསེད་བཀྲོལ་ཡོངས་བསྒྲགས་བཅས་བྱ་རྒྱུ་ཡིན་པ་རེད།
འདི་ལོའི་དུས་ཚིགས་དང་པོར་ཧྲང་ཧའེ་ཡི་དྲ་ཐོག་ཚོང་དོན་གྱི་ཉོ་ཚོང་དངུལ་འབོར་སྒོར་དུང་ཕྱུར་8978.9ཟིན་པ་དེ་དུས་མཚུངས་ལས་12.7%འཕར་བ་དང་། ཧྲང་ཧའེ་ཡི་དྲ་རྒྱའི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར་3614.5ཟིན་པ་དེ་དུས་མཚུངས་ལས་17.2%འཕར་ཡོད། ཧྲང་ཧའེ་གྲོང་ཁྱེར་སྲིད་གཞུང་གིས་ཚད་ལོན་གྱི་དྲ་ཚོང་སྒྲིག་གཞིར་རྒྱབ་སྐྱོར་བྱ་རྒྱུ་ཡིན་པའི་ནང་མི་ཐབས་ཀྱི་རིག་ནུས་འཕེལ་རྒྱས་འཆར་གཞི་དང་ཟུང་འབྲེལ་གྱིས་དྲ་ཐོག་ཚོང་དོན་གྱི་རྩིས་ནུས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཚུད་ཡོད། ཧྲང་ཧའེ་གྲོང་ཁྱེར་གྱིས་ད་དུང་ཉེན་ཟོན་མ་འཇོག་སོགས་དངུལ་རྩའི་སྒྲིག་གཞིས་ཐད་གཏོང་དཔལ་འབྱོར་གྱི་དགོས་མཁོར་གཞིགས་ནས“སྤུས་ཚད་མཐོ་བའི་དངུལ་རྩའི་ཞབས་ཞུ”མཁོ་འདོན་བྱེད་པར་ལྕག་སྐུལ་བྱས་ཡོད།
—— ཨ་རིའི་ཡཱ་ཧུའུ་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་།