ཞི་ཅིན་ཕིང་གིས་ཀྲུང་དབྱང་ཏང་གི་སློབ་གྲྭའི་ཤིན་ཅང་མི་རིགས་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་གཉེར་ནས་ལོ་70འཁོར་བའི་མཚམས་སུ་མཛུབ་སྟོན་གལ་ཆེན་གནང་དོན།
ཤིན་ཅང་འཛིན་གྲྭ་དེ་བས་སྤུས་ཚད་དང་གྲུབ་འབྲས་ལྡན་པ་ཞིག་ཏུ་ཧུར་ཐག་གཉེར་ནས་ཤིན་ཅང་ལ་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་ཀྱི་བྱང་ཚད་མཐོ་བའི་ལས་བྱེད་པ་དེ་བས་མང་བ་གསོ་སྐྱོང་བྱེད་དགོས།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་དབྱང་ཏང་གི་སློབ་གྲྭའི་ཤིན་ཅང་མི་རིགས་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་གཉེར་ནས་ལོ་70འཁོར་བའི་མཚམས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་སྐབས། ཀྲུང་དབྱང་ཏང་གི་སློབ་གྲྭའི་ཤིན་ཅང་འཛིན་གྲྭ་གཉེར་བ་ནི་ཏང་ཀྲུང་དབྱང་གི་ཐབས་ཇུས་གལ་ཆེན་ཞིག་རེད། ལོ་70ཡི་རིང་། ཤིན་ཅང་འཛིན་གྲྭས་ཐོག་མཐའ་བར་གསུམ་དུ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་གོམ་སྟབས་དང་བསྟུན་ནས་མདུན་སྐྱོད་བྱས་ཏེ་སྤྱིར་བཏང་མིན་པའི་ལོ་རྒྱུས་ཀྱི་ལམ་བུར་བསྐྱོད་ནས་ཏང་ལ་ལྷག་བསམ་ཟོལ་མེད་དང་། རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་ཟབ་པ། སྲིད་ཇུས་ཁོང་དུ་གནད་འཁེལ་ཆུད་པ། བློ་བརྟན་འགྱུར་མེད་ངང་དམངས་ལ་བདེ་སྐྱིད་སྐྲུན་པ་བཅས་ཀྱི་ཕུལ་བྱུང་ལས་བྱེད་པ་ཁག་གཅིག་གསོ་སྐྱོང་བྱས་པས། ཤིན་ཅང་གི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ཤིན་ཅང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཤིན་ཅང་གི་སྤྱི་ཚོགས་བརྟན་ལྷིང་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བ་བཅས་ལ་ནུས་པ་གལ་ཆེན་ཐོན་ཡོད་ཅེས་གསུངས་པ་རེད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རྒྱང་ལམ་གསར་པར་ཤིན་ཅང་འཛིན་གྲྭ་གཉེར་ནས་ལོ་70འཁོར་བ་དེ་འགོ་འཛུགས་ས་གསར་པར་བརྩིས་ཏེ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་མཐའ་འཁྱོངས་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ། ཀྲུང་དབྱང་གི་ཤིན་ཅང་གི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར། དུས་རབས་གསར་པའི་ཏང་གི་ཤིན་སྐྱོང་མཛད་ཇུས་ཆ་ཚང་ཞིང་ཡང་དག་པའི་ངང་ལག་བསྟར། “ཏང་ཆེད་ཤེས་ལྡན་པ་གསོ་སྐྱོང་དང་ཏང་ཆེད་ཐབས་ཇུས་འདོན་པའི”ཏང་གི་སློབ་གྲྭའི་ཐོག་མའི་བསམ་འདུན་དོན་གཉེར་བརྟན་སྲུང་། ཤིན་ཅང་གི་ལས་བྱེད་པའི་དཔུང་ཁག་གི་ཁྱད་ཆོས་དང་ལས་ཀའི་དོན་དངོས་ཀྱི་དགོས་མཁོར་དམ་པོར་དམིགས་པ། རྒྱུན་རྣམ་ཅན་གྱི་གསོ་སྦྱོང་དང་ལྷག་པར་དུ་གཞི་རྩའི་གསོ་སྦྱོང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། རྒྱུན་འཁྱོངས་ལྷོད་མེད་ཀྱིས་དུས་རབས་གསར་པའི་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་གཞི་བརྟན་བསམ་འཕེལ་དང་བློ་སྒྲིལ་སེམས་སྐྱེད་བྱེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དེ་འཛིན་གྲྭ་གཉེར་བའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ། མི་རིགས་ཁྱབ་ཁོངས་ཀྱི་རྨང་གཞིའི་རིགས་པའི་གཞུང་ལུགས་ཀྱི་གནད་དོན་དང་དངོས་ཡོད་ཀྱི་གནད་དོན་གལ་ཆེན་ལ་ཞིབ་འཇུག་བྱེད་ཤུགས་ཆེ་རུ་གཏོང་བ། ཤིན་ཅང་འཛིན་གྲྭ་དེ་བས་སྤུས་ཚད་དང་གྲུབ་འབྲས་ལྡན་པ་ཞིག་ཏུ་ཧུར་ཐག་གཉེར་བ་བཅས་བྱས་ནས་ཤིན་ཅང་ལ་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་ཀྱི་བྱང་ཚད་མཐོ་བའི་ལས་བྱེད་པ་དེ་བས་མང་བ་གསོ་སྐྱོང་བྱེད་དགོས།
ཞི་ཅིན་ཕིང་གིས་བླང་བྱ་བཏོན་དོན། ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཚན་གྱིས་མཛུབ་ཁྲིད་རོགས་ལས་དང་། ཤིན་ཅང་གིས་རྒྱབ་སྐྱོར་གཞོགས་འདེགས། ཀྲུང་དབྱང་ཏང་གི་སློབ་གྲྭས་བྱེད་པོའི་ནུས་པ་འདོན་པ་བཅས་ཀྱི་ལས་ཀའི་བཀོད་པ་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། ཕྱོགས་ཁག་གི་སྲིད་ཇུས་དོན་འཁྱོལ་བྱས་ཏེ་ཤིན་ཅང་འཛིན་གྲྭ་ཡག་པོ་གཉེར་བར་ཆ་རྐྱེན་བཟང་པོ་སྐྲུན་པ་དང་འགན་ལེན་ནུས་ལྡན་བྱེད་དགོས།
ཟླ་9ཚེས་21ཉིན་ཀྲུང་དབྱང་ཏང་གི་སློབ་གྲྭའི་ཤིན་ཅང་མི་རིགས་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་གཉེར་ནས་ལོ་70འཁོར་བའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ་རེད། ཀྲུང་དབྱང་ཏང་གི་སློབ་གྲྭའི(རྒྱལ་ཁབ་སྲིད་འཛིན་སློབ་གླིང)སློབ་སྤྱི(ཡོན་ཀྲང)ཁྲེན་ཤིས་ཀྱིས་ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་ཞིང་། ཁོང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་གི་སློབ་གྲྭའི་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་ཏང་གི་ལྟེ་བའི་ལས་འགན་མངོན་འགྱུར་བྱེད་པར་དམིགས་ཏེ། ཤིན་ཅང་གི་མི་རིགས་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭའི་ལས་དོན་ལ་སྤྱི་འདོམས་ཇུས་འགོད་བྱས་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ཤིན་ཅང་དུ་དོན་འཁྱོལ་ཏན་ཏིག་ཡོང་བར་སྐུལ་འདེད་གཏོང་དགོས། ཤིན་ཅང་གི་ལས་བྱེད་པའི་ཁྱད་ཆོས་དང་ལས་ཀའི་དགོས་མཁོར་དམ་པོར་དམིགས་ཏེ་སློབ་གསོ་གསོ་སྦྱོང་གི་བརྒྱུད་རིམ་རང་བཞིན་དང་དམིགས་སའི་རང་བཞིན་ཆེ་རུ་གཏོང་བ་དང་། གཞི་རྩའི་གསོ་སྦྱོང་ཏན་ཏིག་བྱེད་པ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་ཧུར་ཐག་སྤྲོས་པ་བཅས་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་སློབ་གསོ་སྤེལ་ཤུགས་ཆེ་རུ་གཏོང་དགོས། སྒྱུར་བཅོས་གསར་གཏོད་མཐའ་འཁྱོངས་དང་ཕྱོགས་ཁག་གི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཏེ་ཤིན་ཅང་ལ་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་ཀྱི་བྱང་ཚད་མཐོ་བའི་ལས་བྱེད་པ་དེ་བས་མང་བ་གསོ་སྐྱོང་བྱེད་དགོས་ཞེས་གསུངས་པ་རེད།
ཀྲུང་དབྱང་རྩ་འཛུགས་པུའུ་དང་། ཀྲུང་དབྱང་ཏང་གི་སློབ་གྲྭ(རྒྱལ་ཁབ་སྲིད་འཛིན་སློབ་གླིང)ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགན་འཁུར་བློ་མཐུན། ཀྲུང་དབྱང་ཏང་གི་སློབ་གྲྭའི་ཤིན་ཅང་མི་རིགས་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭའི་སྒྲིག་འཛུགས་པའི་འཐུས་མི་དང་སློབ་མའི་འཐུས་མི་བཅས་ཀྱིས་སྤེལ་རེས་གཏམ་བཤད་བྱས་པ་རེད།