སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་སྐྲུན་ཆེད་མི་སེམས་དང་སྟོབས་ཤུགས་རྒྱ་ཁྱབ་ངང་གཅིག་ཏུ་སྒྲིལ་དགོས།
—— སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་བཙུགས་ནས་ལོ་75འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ་རང་ལྗོངས་སུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།
ཟླ་9ཚེས་20ཉིན་གྱི་སྔ་དྲོར། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་བཙུགས་ནས་ལོ་75འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་རྒྱལ་ཡོངས་སྲིད་གྲོས་ཀྱི་ཚོགས་ཁང་དུ་གཟབ་རྒྱས་ངང་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ་རེད། ཚོགས་ཆེན་གྱི་གནས་ཚུལ་གཟབ་རྒྱས་ལྟ་ཉན་བྱས་རྗེས། རང་ལྗོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོར་སྐུལ་མ་དང་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ་རེད།
བོད་ལྗོངས་སྲིད་གྲོས་གྲོས་གཞི་ཨུ་ལྷན་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ་དང་རིམ་པ་གཉིས་པའི་བརྟག་ཞིབ་པ་ལུའོ་ཉིང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དེ་དུས་བབ་ཕྱག་གཟིགས་དང་ནང་དོན་ཕུན་སུམ་ཚོགས་པས། དུས་རབས་གསར་པའི་མི་དམངས་སྲིད་གྲོས་ཀྱི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད།
“སླད་ཕྱིན་གྱི་ལས་དོན་ཁྲོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་མཛུབ་ཁྲིད་དུ་བྱས་ཏེ། རང་ངོས་ཀྱི་ལས་ཀའི་འགན་འཁྲི་དང་ཟུང་འབྲེལ་དང་། ཨུ་ཡོན་གྱི་གྲོས་གཞི་སོགས་ཐད་ཀྱི་ལས་དོན་ཧུར་ཐག་ལེགས་པོ་སྒྲུབ་པ། ཨུ་ཡོན་རྣམས་ཀྱིས་སྤུས་ཚད་མཐོ་བའི་གྲོས་གཞི་འདོན་པར་ཁྲིད་སྟོན་བྱ་རྒྱུ་མ་ཟད། གྲོས་གཞི་སྒྲུབ་གཉེར་ལས་ཁུངས་དང་ཨུ་ཡོན་ཚོའི་འབྲེལ་མཐུད་སྤེལ་རེས་ལ་སྐུལ་འདེད་བཏང་ནས། གྲོས་གཞི་སྒྲུབ་པའི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་གཏོང་གི་ཡིན་ཞེས་བརྗོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་སློབ་སྦྱོང་ནན་ཏན་བྱས་རྗེས་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་ལྷོ་ཁ་ཨེ་པ་ཚང་མི་རིགས་རིག་གནས་བརྒྱུད་སྤེལ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཨེ་ཉི་མ་ཚེ་རིང་ལ་མྱོང་ཚོར་ཟབ་མོ་བྱུང་ཞིང་། ཁོང་གིས“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་བཙུགས་ནས་ལོ་75འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་ལས་ང་ཚོ་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཕྱིར་སེམས་ནུས་གཅིག་ཏུ་སྒྲིལ་བའི་གདེང་ཚོད་སྔར་བས་ཆེ་རུ་ཕྱིན་སོང”ཞེས་བརྗོད།
རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་རྒྱུན་ཨུ་དང་། དྲུང་ཆེ་གཞོན་པ། གཞུང་དོན་ཐིང་གི་ཀྲུའུ་རེན་བཅས་ཡིན་པའི་ཝང་ཤིན་ཧུའེ་ཡིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནི་མར་ཁེ་སི་རིང་ལུགས་ཀྱི་བདེན་དོན་གྱི་འོད་ཟེར་རབ་ཏུ་འཕྲོ་བའི་ཚད་ལྡན་ཡིག་ཆ་གལ་ཆེན་ཞིག་རེད། སྲིད་གྲོས་ཀྱི་ལས་དོན་པ་ཞིག་གི་ངོས་ནས་འགན་འཁྲི་ལྕི་བ་དང་ལས་འགན་གཟི་བརྗིད་ཆེ་བའི་མྱོང་ཚོར་དེ་བས་ཟབ་མོ་བྱུང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས་ཟབ་སྦྱོང་མཐིལ་རྟོགས་ཁྲོད་བསམ་བློའི་སྟོབས་ཤུགས་ཆེན་པོ་རྟོགས་ཐབས་བྱེད་པ་དང་། ཚད་གཞི་དང་ཡང་ཡང་བསྡུར་བའི་ཁྲོད་མདུན་སྐྱོད་ཀྱི་ཁ་ཕྱོགས་གཏན་འཁེལ་བྱེད་པ། བསམ་སྦྱོར་གཉིས་བརྩོན་གྱི་ཁྲོད་ལྷག་བསམ་རྣམ་དག་གི་འགན་འཁྲི་འཁུར་སེམས་མངོན་པ་བཅས་བྱས་ཏེ། སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ་དང་ཆབ་སྲིད་ཀྱི་འགན་འཁྲི་བློ་ལ་བརྟན་པོར་ངེས་ནས། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་བཙུགས་ནས་ལོ་75འཁོར་བ་དང་བོད་ལྗོངས་སྲིད་གྲོས་བཙུགས་ནས་ལོ་65འཁོར་བར་རྟེན་འབྲེལ་ཞུ་བ་གོ་སྐབས་སུ་བརྩིས་ནས་ཉམས་མྱོང་ཕྱོགས་སྡོམ་དང་། ཆོས་ཉིད་སྟངས་འཛིན། གཞུང་འཁྱོངས་གསར་འབྱེད་བཅས་བྱས་ཏེ། སྔར་བས་དངོས་སྒྲུབ་ཀྱི་བྱ་ཐབས་ཐོག་ནས་དུས་རབས་གསར་པའི་སྲིད་གྲོས་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་སྲིད་གྲོས་ལམ་ལུགས་ཀྱི་ལེགས་ཆ་དེ་མཐའ་སྐྱོང་བོད་བརྟན་གྱི་ནུས་པར་སྒྱུར་གང་ཐུབ་བྱེད་ཀྱི་ཡིན་ཞེས་བརྗོད།
ཝང་ཤིན་ཧུའེ་ཡིས་བོད་ལྗོངས་སྲིད་གྲོས་ཀྱིས་གོམ་སྟབས་རྗེས་མར་སྲིད་གྲོས་རིམ་པ་གཉིས་ཀྱི་ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་དང་། སྲིད་གྲོས་ཀྱི་འཆད་ཁྲིད། ཆེད་དོན་ཟུར་ཁྲིད་སོགས་ཀྱི་རྣམ་པའི་ཐོག་ནས་ལྗོངས་ཡོངས་ཀྱི་རིམ་ཁག་སྲིད་གྲོས་རྩ་འཛུགས་དང་སྲིད་གྲོས་ཨུ་ཡོན་ཁྲོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་བཙུགས་ནས་ལོ་75འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཚ་རླབས་ཤིག་གང་མགྱོགས་འཕྱུར་བ་བྱ་རྒྱུ་ཡིན། དེ་དང་ཆབས་ཅིག་ཆེད་དོན་གྲོས་མོལ་སྒྲིག་གཞིའི་ངོ་བོ་དང་ངེས་གནས་ལ་གཞི་ཚུགས་ཏེ་སྲིད་གྲོས་ལས་དོན་གྱི་ལྟེ་བའི་ལྷུ་ཚིགས་ཁོང་དུ་ཆུད་པ་དང་། ཨུ་ཡོན་གྱི་བྱེད་པོའི་ནུས་པ་འདོན་སྤེལ་ཏན་ཏིག་བྱེད་པ། ལམ་ལུགས་དང་ལམ་སྲོལ་ཁག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། གྲོས་མོལ་མཉམ་འགུལ་གཏིང་ཟབ་དང་། བསམ་འཆར་གང་ལེགས་འདོན་པ། ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་གཅིག་སྡུད་བཅས་བྱེད་པའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། “དོན་ཆེན་བཞི”དང“འཛུགས་གཏོད་བཞིར”ཞབས་འདེགས་ནུས་ལྡན་ཞུ་བ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་ཕྱོགས་ཡོངས་ནས་སྐྲུན་ཆེད་སྲིད་གྲོས་ཀྱི་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་གྱི་ཡིན་ཞེས་བརྗོད།