“ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན”ཐེངས་བདུན་པ་འཆར་ལ་ཉེ་བའི་སྐབས་སུ།
ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་རྒྱ་ཆེའི་ཞིང་པ་དང“ཞིང་གསུམ”འཐབ་ཕྱོགས་ཀྱི་བློ་མཐུན་ཚོར་དུས་ཆེན་གྱི་རྟེན་འབྲེལ་དང་ཟོལ་མེད་ཀྱི་འཚམས་འདྲི་གནང་བ།
ཐབས་བརྒྱ་ཇུས་སྟོང་གིས་ཞིང་ལས་ཀྱི་ཕན་འབྲས་ཆེ་རུ་དང་། ཞིང་པར་ཡོང་འབབ་མང་དུ། གྲོང་གསེབ་ཀྱི་གསོན་ཤུགས་ཆེ་རུ་བཅས་གཏོང་བར་སྐུལ་འདེད་བཏང་ནས་ཞིང་པ་མང་ཚོགས་ལ་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཐོབ་པར་བྱེད་དགོས་པའི་ནན་བཤད་གནང་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་21ཉིན་གློག་འཕྲིན་འབྱོར་གསལ། “ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན”ཐེངས་བདུན་པ་འཆར་ལ་ཉེ་བའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་རྒྱལ་ཡོངས་ཀྱི་རྒྱ་ཆེའི་ཞིང་པ་དང“ཞིང་གསུམ”འཐབ་ཕྱོགས་སུ་ལས་ཀ་བྱེད་མཁན་བློ་མཐུན་ཚོར་དུས་ཆེན་གྱི་རྟེན་འབྲེལ་དང་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་རེད།
ཞི་ཅིན་ཕིང་གིས་འདི་ལོ་ང་ཚོས་ཅུང་ཚབས་ཆེ་བའི་རང་བྱུང་གནོད་འཚེ་སོགས་འགལ་རྐྱེན་སྣ་ཚོགས་བསལ་ནས་དབྱར་འབྲུ་ཐོན་འཕར་དང་སྔ་སྨིན་འབྲས་ཀྱི་ཐོན་འབབ་བརྟན་པོ་ཡོང་བ་བྱས་པས། ལོ་ཧྲིལ་པོར་འབྲུ་རིགས་ལ་སླར་ཡང་ལོ་ལེགས་ཡོང་རེ་ཆེན་པོ་ཡོད་ལ། དཔལ་འབྱོར་བསྐྱར་དུ་ལེགས་ཕྱོགས་སུ་འཕེལ་བའི་རྣམ་པ་སྲ་བརྟན་དང་ཤུགས་ཆེར་གཏོང་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་འདེགས་སྐྱོར་ནུས་ལྡན་བྱུང་ཡོད་ཅེས་བསྟན་གནང་བ་རེད།
ཞི་ཅིན་ཕིང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་ངེས་པར་དུ་རྒྱུན་སྲིང་ལྷོད་མེད་ངང་ཞིང་ལས་ཀྱི་རྨང་གཞི་བརྟན་དུ་བཏང་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས“ཞིང་གསུམ”ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། “ཁྲི་སྟོང་འདུ་འགོད”ཀྱི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་གཏོང་བ། འབྲུ་རིགས་དང་གལ་ཆེའི་ཞིང་ལས་ཐོན་རྫས་བརྟན་པོ་དང་བདེ་འཇགས་ངང་མཁོ་སྤྲོད་བྱ་རྒྱུར་དམ་འཛིན་ཏན་ཏིག་བྱེད་པ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དང་རྒྱ་ཆེར་གཏོང་བ། ཐབས་བརྒྱ་ཇུས་སྟོང་གིས་ཞིང་ལས་ཀྱི་ཕན་འབྲས་ཆེ་རུ་དང་། ཞིང་པར་ཡོང་འབབ་མང་དུ། གྲོང་གསེབ་ཀྱི་གསོན་ཤུགས་ཆེ་རུ་བཅས་གཏོང་བར་སྐུལ་འདེད་བཏང་ནས་ཞིང་པ་མང་ཚོགས་ལ་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཐོབ་པར་བྱེད་དགོས། སླད་ཕྱིན་རྒྱ་ཆེའི་ཞིང་པ་མང་ཚོགས་དང་སྤྱི་ཚོགས་ལས་རིགས་ཁག་གིས་བྱ་སྤྱོད་ཧུར་ཐག་སྤེལ་ཏེ། གོམ་པ་རེ་ལ་རྐང་རྗེས་རེ་བཞག་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བའི་མཛེས་སྡུག་ལྡན་པའི་འཆར་གཞི་མངོན་འགྱུར་གྱིས་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་བ་དང་ཞིང་ལས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་ཆེད་རྨང་གཞི་འདིང་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད།