དེང་རབས་ཅན་གྱི་རྒྱང་ལམ་དུ་ལག་གདང་སྦྲེལ་ནས་མཉམ་དུ་སྐྱོད་དགོས།
ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ཀྱི་འགོ་ཚུགས་མཛད་སྒོར་གཙོ་དོན་གསུང་བཤད་གནང་ཞིང་། ཁོང་གིས་ཀྲུང་ཧྥེ་ཕྱོགས་གཉིས་པོས་ལག་གདང་སྦྲེལ་ནས་དྲང་གཞག་ལུགས་མཐུན་དང་། སྒོ་དབྱེ་གཉིས་ཕན། མི་དམངས་གོང་དུ་བཀུར་བ། སྣ་མང་བསྟུན་མཁས། སྐྱེ་ཁམས་མཐུན་འཕྲོད། ཞི་བདེ་བདེ་འཇགས་བཅས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་དགོས་ཞེས་བཏོན་གནང་བ་རེད། ཀྲུང་ཧྥེ་ཕྱོགས་གཉིས་པོས་ལག་གདང་སྦྲེལ་ནས་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་འདོད་ཚུལ་ཆེན་པོ་དྲུག་ལ་ཨ་ཧྥེ་རི་ཁའི་འགོ་ཁྲིད་པའི་ཁས་ལེན་རྒྱ་ཁྱབ་ཐོབ་ནས་ཀྲུང་ཧྥེ་ཕྱོགས་གཉིས་པོའི་ཆབ་སྲིད་ཀྱི་ཐུན་མོང་ངོས་འཛིན་ཆགས་ཤིང་། དེ་ཐོག་ནས་དེང་རབས་ཅན་གྱི་ཕྱོགས་སུ་བསྐྱོད་པའི་ཐད་ཀྱི་ཀྲུང་ཧྥེའི་ཆོས་ཉིད་དང་ངོས་འཛིན་ཟམ་མི་ཆད་པར་ཟབ་ཏུ་འགྲོ་བ་དང་། རང་ཉིད་ཀྱི་ལས་དབང་སྟངས་འཛིན་བྱེད་པའི་ལོ་རྒྱུས་ཀྱི་རང་རྟོགས་ཟམ་མི་ཆད་པར་ཆེ་རུ་འགྲོ་བ། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་དེང་རབས་ཅན་མགྱོགས་སུ་གཏོང་བར་སྣེ་ཁྲིད་བྱེད་པ་དང་འཛམ་གླིང་གི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་ཤུགས་རྐྱེན་ཆེན་པོ་དང་གཏིང་ཟབ་ཐེབས་ངེས་ཡིན་པ་བཅས་མཚོན་ཡོད།
འདོད་ཚུལ་ཆེན་པོ་དྲུག་ནི་ཀྲུང་ཧྥེ་ཐུན་མོང་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམ་ལ་ཀྲུང་ཧྥེས་ལག་གདང་སྦྲེལ་ནས་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་ཡངས་ཤིང་རྒྱ་ཆེ་བའི་མཉམ་ལས་ཀྱི་བར་མཐོངས་བཏོད་རྒྱུར་འཚམ་པོ་ཡོད། རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་ཁག་གིས་རང་རྒྱལ་ཁབ་ཀྱི་རྒྱལ་བབ་དང་འཚམ་པའི་དེང་རབས་ཅན་གྱི་འགྲོ་ལམ་འཚོལ་ཞིབ་བྱ་རྒྱུར་རྒྱབ་སྐྱོར་བྱེད་པ་དང་། བཟོ་ལས་དང་། ཞིང་ལས། རྨང་གཞིའི་སྒྲིག་བཀོད། ཚོང་དོན་མ་འཇོག་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཟབ་ཏུ་གཏོང་བ་དང་། སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་ཚད་ཤིང་བཙུགས་ནས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དོན་འཁྱོལ་བྱེད་པའི་དཔེ་མཚོན་ཐུན་མོང་ཐོག་གཏོད་པ། ཤེས་ལྡན་པ་གསོ་སྐྱོང་དང་། དབུལ་པོ་ཉུང་གཏོང་། ལས་ཞུགས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཧུར་ཐག་བྱས་ཏེ། དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་མི་དམངས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་གཏོང་བ། མི་ཆོས་རིག་གནས་སྤེལ་རེས་བྱེད་ཟབ་ཏུ་བཏང་ནས་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་ཤེས་དཔལ་མི་འདྲ་བའི་དབར་ཕན་ཚུན་བརྩི་འཇོག་དང་བསྟུན་མཁས་མཉམ་གནས་དར་སྤེལ་བཏང་སྟེ་གོ་ལ་ཧྲིལ་པོའི་ཤེས་དཔལ་གྲོས་འགོར་གཡུར་ཟའི་གྲུབ་འབྲས་དེ་བས་མང་བ་ཐོབ་པར་ཐུན་མོང་ཐོག་སྐུལ་འདེད་གཏོང་བ། ཨ་ཧྥེ་རི་ཁ་ཕྱོགས་ལ“ལྗང་མདོག་འཕེལ་རྒྱས་ཀྱི་སྒུལ་ཤུགས”འཕེལ་བར་བྱེད་རོགས་བྱེད་པ་དང་། ནུས་རྒྱུའི་ཁྱབ་ནུས་རང་བཞིན་གྱི་ཧེ་བག་ཆུང་དུ་གཏོང་བ། གཅིག་མཐུན་ཡིན་པ་གང་ཞིག་ཁྱད་པར་ཡོད་པའི་འགན་འཁྲིའི་རྩ་དོན་མཐའ་འཁྱོངས་བཅས་བྱས་ནས་གོ་ལ་ཧྲིལ་པོའི་ལྗང་མདོག་ཐཱན་ཉུང་ཕྱོགས་སྒྱུར་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བ། ཨ་ཧྥེ་རི་ཁར་ཞི་བདེ་བརྟན་ལྷིང་རང་བརྟེན་སྲུང་སྐྱོང་ནུས་པ་ཆེ་རུ་གཏོང་རོགས་བྱེད་པ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ་ཨ་ཧྥེ་རི་ཁར་སྔོན་ལ་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་ཀྱི་མཉམ་སྒུལ་བཟང་པོར་སྐུལ་འདེད་གཏོང་བ་བཅས་བྱས་ནས་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་ཐུན་མོང་ཐོག་སྲུང་བ་སོགས་མཉམ་ལས་ཀྱི་བྱེད་ཐབས་དེ་དག་ནི་འདོད་ཚུལ་ཆེན་པོ་དྲུག་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་བྱ་སྤྱོད་ཡིན་ལ་ཕྱོགས་གཉིས་པོས་ལག་གདང་སྦྲེལ་ནས་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་སྒུལ་ནུས་ཆེན་པོ་སྣོན་ངེས་རེད།
འདོད་ཚུལ་ཆེན་པོ་དྲུག་ལས་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་ཐུན་མོང་གི་དོན་གཉེར་མཚོན་ཞིང་། ཀྲུང་ཧྥེའི་སྣེ་ཁྲིད་དེ་འཛམ་གླིང་གི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་དེ་བས་ཆེ་བ་ལེགས་སྐྱེས་སུ་འབུལ་རྒྱུ་རེད། ལོ་རྒྱུས་ལ་ཕྱིར་མིག་བལྟས་ན། ནུབ་ཕྱོགས་དེང་རབས་ཅན་གྱི་འཕེལ་རིམ་གྱིས་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་སྡུག་བསྔལ་ཆེན་པོ་བཟོས་མྱོང་། འཛམ་གླིང་དམག་ཆེན་གཉིས་པ་མཇུག་འགྲིལ་རྗེས། ཀྲུང་གོ་དང་ཨ་ཧྥེ་རི་ཁས་འཐུས་ཚབ་བྱས་པའི་འཛམ་གླིང་གསུམ་པའི་རྒྱལ་ཁབ་ཁག་ལ་སྔ་རྗེས་སུ་རང་བཙན་དང་འཕེལ་རྒྱས་བྱུང་ནས། དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་ཀྱི་ལོ་རྒྱུས་ཀྱི་དྲང་སྙོམས་མིན་པའི་རིགས་རྒྱུན་ཆད་མེད་པར་ཡོ་བསྲང་བྱེད་བཞིན་ཡོད། དེང་སྐབས་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱིས་སྔར་བས་རང་བཙན་རང་བདག་ངང་དེང་རབས་ཅན་གྱི་འགྲོ་ལམ་འཚོལ་ཞིབ་བྱེད་བཞིན་ཡོད་ཅིང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་གོ་ལ་ཧྲིལ་པོར་དེང་རབས་ཅན་གྱི་རྣམ་པ་གསར་རྐྱང་ཞིག་མཁོ་འདོན་བྱས་ནས་རྒྱལ་ཁབ་དེ་བས་མང་བར་རང་བཙན་རང་བདག་ངང་རང་ཉིད་དང་འཚམ་པའི་དེང་རབས་ཅན་གྱི་འགྲོ་ལམ་འཚོལ་ཞིབ་བྱེད་པར་ཡིད་ཆེས་འཕེལ་བར་བྱས་ཡོད། དྲང་གཞག་ལུགས་མཐུན་དང་། སྒོ་དབྱེ་གཉིས་ཕན། མི་དམངས་གོང་དུ་བཀུར་བ། སྣ་མང་བསྟུན་མཁས། སྐྱེ་ཁམས་མཐུན་འཕྲོད། ཞི་བདེ་བདེ་འཇགས་བཅས་ཀྱི་འདུ་ཤེས་འདི་དག་ནི་ཀྲུང་ཧྥེ་ཐུན་མོང་གི་དོན་གཉེར་ཡིན་པ་མ་ཟད། རྒྱ་ཆེའི་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཁག་གི་ཡོངས་ཁྱབ་ཀྱི་ཐུན་མོང་ངོས་འཛིན་མཚོན་པ་དང་། དེ་ནི་ཞི་བའི་འཕེལ་རྒྱས་དང་། གཉིས་ཕན་མཉམ་ལས། ཐུན་མོང་དར་རྒྱས་བཅས་མངོན་འགྱུར་བྱེད་པའི་འཛམ་གླིང་གི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ལྡོག་མེད་ཀྱི་བླང་བྱའང་ཡིན།
དེང་རབས་ཅན་གྱི་འགྲོ་ལམ་ཐོག་གཅིག་ཀྱང་ཉུང་མི་རུང་ལ། རྒྱལ་ཁབ་གཅིག་ཀྱང་ལུས་མི་རུང་། ཀྲུང་ཧྥེས་དེང་རབས་ཅན་གྱི་རྒྱང་སྐྱོད་ལམ་བུའི་ཐོག་ལག་གདང་སྦྲེལ་ནས་མཉམ་དུ་བསྐྱོད་དེ་དྲང་གཞག་ལུགས་མཐུན་དང་། སྒོ་དབྱེ་གཉིས་ཕན། མི་དམངས་གོང་དུ་བཀུར་བ། སྣ་མང་བསྟུན་མཁས། སྐྱེ་ཁམས་མཐུན་འཕྲོད། ཞི་བདེ་བདེ་འཇགས་བཅས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་བཏང་ཚེ། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་དེང་རབས་ཅན་གྱི་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བར་སྣེ་ཁྲིད་ཐུབ་ནས་འཛམ་གླིང་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་ཐུབ་ངེས་རེད།