དབུ་ཤོག>གསར་འགྱུར།>དམངས་འཚོ།
  • གངས་ལྗོངས་ས་མཐོར་འཕོ་འགྱུར་ཆེ།

    གངས་རིན་པོ་ཆེའི་འདབས་ཀྱི་བདེ་སྐྱིད་བགྲོད་ལམ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-09-22

    འདི་ནི་སྤུ་ཧྲེང་རྫོང་བར་ག་ཤང་གངས་ས་གྲོང་ཚོའི་འབྲོག་པས་ཁལ་གཡག་འདེད་ནས་གངས་སྐོར་རྒྱག་མཁན་ཡུལ་སྐོར་བའི་ཅ་དངོས་དབོར་བཞིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་སུན་རུའེ་པོ་ཡིས་པར་བླངས།

    བོད་ལྗོངས་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་བར་ག་ཤང་གངས་ས་གྲོང་ཚོར་བརྗིད་ཆགས་ཡིད་དུ་འོང་བའི་གངས་རིན་པོ་ཆེ་སྨུག་སྤྲིན་གྱིས་གཡོགས་ནས་གངས་རིའི་རང་མདངས་རེས་གསལ་རེས་མོག་ཏུ་སྣང་། རྟ་དང་གཡག་ལས་གྲུབ་པའི་གངས་སྐོར་དཔུང་ཁག་ཅིག་དལ་གྱིས་མདུན་དུ་སྐྱོད་བཞིན་ཡོད་པ་དང་། ཡུལ་སྐོར་བ་རྟ་ལ་བཞོན་པ་དང་ཁལ་གཡག་ལ་ཅ་དངོས་བཀལ་ཡོད་པ་མ་ཟད། ལྷགས་པ་ལྡང་ཕྱོགས་དང་བསྟུན་ནས་ཁལ་མ་དེ་དག་གི་སྐེ་ལ་བཏགས་པའི་དྲིལ་བུའི་སྒྲ་གསལ་ལྷང་ངེར་ཐོས།

    ས་བབ་སྨི་6656ཟིན་པའི་གངས་རིན་པོ་ཆེའི་རྔམ་བརྗིད་ཀྱི་བཀོད་པ་དང་ཐུན་མོང་མིན་པའི་རིག་གནས་ཀྱི་བསྟན་དོན་དབང་གིས། ལོ་ལྟར་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མང་པོའི་ཡིད་ཀྱི་བརྟན་པ་དབང་མེད་དུ་ཕྲོགས་ནས་ལྟ་སྐོར་དུ་ཡོང་གི་ཡོད་པ་རེད།

    རུ་སྣེ་ཁྲིད་མཁན་སངས་རྒྱས་བསྟན་འཛིན་གྱིས་རྟ་ཁྲིད་དེ་དཔུང་ཁག་གི་མདུན་དུ་བསྐྱོད་ཅིང་། ད་ལོ་ལོ་36ལ་སླེབས་པའི་ཁོང་གི་ངོ་གདོང་ནས་སྐྱིད་པའི་འཛུམ་མདངས་མངོན། མཁོ་སྤྲོད་ས་ཚིགས་སུ་སླེབས་ཐེངས་རེར། ཁོང་གིས་མྱུར་ཚད་ཇེ་དལ་དུ་བཏང་ནས་ཡུལ་སྐོར་བ་ཚོར་གསོ་རླུང་རྔུབ་པའམ་ངལ་གསོ་རྒྱག་དགོས་མིན་འདྲི་ཡི་ཡོད། “ལས་ཀ་གང་ཞིག་སྒྲུབ་ཀྱང་བྲེལ་བ་བྱེད་མི་ཉན”ཞེས་པ་ནི་སངས་རྒྱས་བསྟན་འཛིན་གྱིས་རྒྱུན་དུ་བརྗོད་པའི་སྐད་ཆ་ཞིག་རེད།

    ཁལ་མ་རུ་ཁག་ཁྲིད་ནས་གངས་སྐོར་རྒྱག་པ་ནི་སངས་རྒྱས་བསྟན་འཛིན་གྱིས་ལོ་རེའི་ཟླ་5པ་ནས་9པའི་བར་གྱི་ལས་ཀ་གཙོ་བོ་རེད། “ཉེ་བའི་ཟླ་གཅིག་གི་རིང་། ཡུལ་སྐོར་བ་ཁྲིད་དེ་གངས་སྐོར་ཐེངས་4བརྒྱབ་པ་དང་ཐེངས་རེར་ཉིན་གསུམ་ཙམ་འགོར་གྱི་ཡོད། གཞན་ལ་རྟ་གཡར་བའི་གཡར་གླ་དང་དཔུང་ཁག་ཁྲིད་པའི་གླ་ཆ་བརྩིས་ན་ཁྱོན་བསྡོམས་ཡོང་འབབ་སྒོར་7000ལྷག་ཙམ་རག་བྱུང་། དེ་ནི་སྔོན་ཆད་རང་ཡུལ་དུ་ཕྱུགས་འཚོ་བ་དང་བསྡུར་ན་ཡོང་འབབ་དེ་བས་ཡག་པ་འདུག”ཅེས་སངས་རྒྱས་བསྟན་འཛིན་གྱིས་བཤད།

    རྩྭ་ཆུ་གང་བཟང་ལ་བརྟེན་ཏེ་ཕྱུགས་ཟོག་འཚོ་བ་ནས་ཀུང་སིའི་སྐྱེལ་འདྲེན་རུ་མི་ཞིག་ཏུ་གྱུར་པའི་བར། སངས་རྒྱས་བསྟན་འཛིན་དང་འདྲ་བར་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་མཁན་གྱི་གྲོང་མི་གངས་ས་གྲོང་ཚོར་ད་དུང་མང་པོ་ཡོད་ཅིང་། གངས་ས་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ཕུན་ཚོགས་ཡེ་ཤེས་ཀྱིས། གངས་རིན་པོ་ཆེའི་ཡུལ་སྐོར་ཐོན་ཁུངས་ལ་བརྟེན་ནས་ཡུལ་ལུང་འདིར་དུས་རབས་20པའི་ལོ་རབས་80པར་ཁལ་གཡག་སྐྱེལ་འདྲེན་རུ་ཁག་བཙུགས་པས་གྲོང་མི་རྣམས་ལ་ཡུལ་སྐོར་གྱི་ཡོང་འབབ་རག་ཡོད་ཅེས་ངོ་སྤྲོད་བྱས།

    2018ལོར་སྤུ་ཧྲེང་རྫོང་ཨུད་དང་རྫོང་སྲིད་གཞུང་གི་རྒྱབ་སྐྱོར་འོག་གངས་ས་གྲོང་ཚོར་བོད་ལྗོངས་གངས་རིན་པོ་ཆེ་ཡུལ་སྐོར་ཞབས་ཞུ་ཚད་ཡོད་ཀུང་སི་བཙུགས་པ་རེད། “ང་ཚོས་ཁལ་གཡག་སྐྱེལ་འདྲེན་རུ་ཁག་ལ་མ་རྐང་ལམ་ལུགས་ཀྱི་ཚད་ལྡན་དོ་དམ་བྱེད་ཀྱི་ཡོད། གྲོང་ཚོའི་མཉམ་སྡེབ་ཀྱིས་མ་རྐང་60%བཟུང་བ་དང་གྲོང་ཚོའི་ནང་གི་ཚོགས་ཆུང་4ཡིས་མ་རྐང་10%རེ་སོ་སོར་བཟུང་ཡོད། འགྲུལ་སྐྱོད་བྱེད་ཐེངས་རེར་ཀུང་སིས་ཞབས་ཞུའི་འགྲོ་གྲོན་ངེས་ཅན་རེ་བསྡུ་ཡི་ཡོད་པ་ཕུད་ཡོང་འབབ་ཕལ་ཆེ་བ་གྲོང་མི་ཚོར་སྤྲོད་ཀྱི་ཡོད”ཅེས་ཕུན་ཚོགས་ཡེ་ཤེས་ཀྱིས་བཤད།

    ཡུལ་སྐོར་འཕེལ་རྒྱས་བྱུང་ནས་ཡུལ་ལུང་དེ་གའི་མང་ཚོགས་ལ་གོ་སྐབས་མང་པོ་ཐོབ་པ་མ་ཟད་གྲོང་མི་མི་ཉུང་བ་ཞིག“ལས་རིགས་ཕྱོགས་སྒྱུར”ཡང་བྱུང་ཡོད། དཀོན་མཆོག་གི་ལྟོ་ཕད་ནང་ཟིན་བྲིས་དེབ་གཉིས་རང་ལུས་དང་འབྲལ་མེད་ངང་ཁྱེར་ཡོད་པ་སྟེ། གཅིག་ནི་དོ་པོ་དབོར་མཁན་གྱི་ཡོང་འབབ་ཀྱི་རྩིས་ཐོ་དང་། གཞན་ཞིག་དེར་མངགས་ཐོའི་དགོས་མཁོ་དང་ཡུལ་སྐོར་ཤེས་བྱའི་སྐོར་གྱི་མྱོང་ཚོར་འཁོད་ཡོད་པ་རེད།

    2017ལོར་དཀོན་མཆོག་ནི་ཁལ་གཡག་གི་ལམ་ཁྲིད་པ་ནས་དོ་པོ་དབོར་མཁན་གྱི་དོ་དམ་པར་གྱུར། ཡུལ་སྐོར་བ་དང་དོ་པོ་དབོར་མཁན་དབར་གྱི་འབྲེལ་ཟམ་ལྟ་བུ་ཞིག་ཡིན་པའི་ངོས་ནས། ཁོང་གི་ལས་ཀ་ནི་མི་སྒེར་རམ་ཡང་ན་ཡུལ་སྐོར་ཚོགས་པའི་མངགས་ཐོའི་དགོས་མཁོ་བཞིན་རྒྱན་འཕངས་ནས་དོ་པོ་དབོར་མཁན་འདྲ་མཉམ་ངང་བཀོད་སྒྲིག་བྱེད་པ་དེ་རེད། “ཉེ་བའི་ལོ་ཤས་རིང་ང་ཚོས་ཞབས་ཞུ་ལེགས་སུ་བཏང་བས‘ཡུལ་སྐོར་བས་མངགས་ཐོ་སྤྲད་པ་དང་། མཁོ་བསྟུན་བཀོད་སྒྲིག གནད་སྨིན་སྙོམས་སྒྲིག’བཅས་ཀྱི་རྣམ་པ་ཞིག་ཆགས་ཡོད”ཅེས་དཀོན་མཆོག་གིས་བརྗོད་ཅིང་། ཁོང་གིས། པར་རྒྱག་ཤེས་པ་དང་སྐད་གཉིས་ཤེས་པ་སོགས་ཀྱི་ཡུལ་སྐོར་བའི་དགོས་མཁོ་སྣ་ཚོགས་གཞིར་བཟུང་། ང་ཚོས་གང་ཐུབ་ཅི་ནུས་ཀྱིས་དོ་པོ་དབོར་མཁན་འཚམ་ཤོས་བཀོད་སྒྲིག་བྱེད་ཀྱི་ཡོད”ཅེས་བརྗོད།

    “འགྲོ་སོང་གི་རིན་གོང་གསལ་པོར་བཀོད་ཡོད་པ་སྟེ། གངས་སྐོར་རྒྱག་ཐེངས་གཅིག་ལ་ཉིན་གསུམ་འགོར་བ་དང་། རྟ་རེར་གླ་ཆ་སྒོར་2370ཡིན་པ་དང་སྐྱེལ་འདྲེན་རུ་མི་རེར་ཆ་སྙོམས་སྒོར་1860ཡིན། ཁལ་གཡག་རེ་གླས་ན་ཉིན་རེར་སྒོར་340ཡིན་པ་དང་ཁལ་གཡག་འདེད་མཁན་ལ་སྒོར་380རེད། ཡུལ་སྐོར་བ་མང་བའི་དུས་སུ་ཉིན་རེར་མང་ཚོགས་མང་ཤོས་200ལྷག་ཙམ་དེའི་ནང་ཞུགས་ཀྱི་ཡོད”ཅེས་ཕུན་ཚོགས་ཡེ་ཤེས་ཀྱིས་བཤད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2023ལོར་བོད་ལྗོངས་གངས་རིན་པོ་ཆེ་ཡུལ་སྐོར་ཞབས་ཞུ་ཚད་ཡོད་ཀུང་སིར་ཡོང་འབབ་སྒོར་ཁྲི་1039.54བྱུང་བའི་ནང་ཁལ་གཡག་སྐྱེལ་འདྲེན་རུ་ཁག་ལ་ཡོང་འབབ་སྒོར་ཁྲི་439.54བྱུང་བ་དང་། གངས་ས་གྲོང་ཚོའི་མང་ཚོགས་1185ལ་ངལ་ནུས་ཡོང་འབབ་སྒོར་ཁྲི་300ལྷག་ཙམ་བྱུང་སྟེ་མང་ཚོགས་ལ་འགོ་འགྲེམས་སྒོར་ཁྲི་41.24བརྒྱབ་པ་རེད།

    རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག གངས་རི་འཁྱགས་ཀླུང་ཡིན་ཡང་གསེར་དངུལ་རི་ཞེས་པ་ལྟར། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་ཆེད། གངས་ས་གྲོང་ཚོས་ད་དུང“གད་སྙིགས་དངུལ་ཁང”བཙུགས་ནས་གྲོང་མི་ཚོར་ཉིན་ལྟར་གད་སྙིགས་བསྒྲུགས་ཏེ་ཁྱད་དུ་འཕགས་ཤིང་མཛེས་སྡུག་ལྡན་པའི་ས་ཆ་མཉམ་དུ་སྲུང་སྐྱོང་བྱེད་པར་ཁྲིད་སྟོན་བྱས་ཤིང་། ཕུན་ཚོགས་ཡེ་ཤེས་ཀྱིས“མི་རབས་རྗེས་མར་དེ་བས་མཛེས་སྡུག་ལྡན་པའི་གངས་རིན་པོ་ཆེ་འཇོག་རྒྱུ་ནི་ང་ཚོའི་བསམ་འདུན་ཡིན་ལ། འགན་འཁྲི་དང་འོས་འགན་དེ་བས་ཀྱང་ཡིན”ཞེས་བཤད།

    ཉི་མ་ནུབ་ཁའི་མཚམས་སུ་ཀྱག་ཀྱོག་གི་རི་ལམ་ནས་དྲིལ་བུའི་སྒྲ་ལྷང་ལྷང་དུ་གྲགས་ཤིང་། སངས་རྒྱས་བསྟན་འཛིན་གྱིས་ཡུལ་སྐོར་བའི་སྣེ་ཁྲིད་དེ་མཁོ་སྤྲོད་ས་ཚིགས་རྗེས་མར་སྐྱོད་བཞིན་ཡོད་པ་དང་རི་ཀླུང་དུ་དགོད་སྒྲ་དང་གླུ་སྒྲ་གསལ་ལེར་མཆེད།

    འདི་ནི་སྤུ་ཧྲེང་རྫོང་བར་ག་ཤང་གངས་ས་གྲོང་ཚོར་ཡུལ་དེ་གའི་གྲོང་མིས་རྟ་ཁྲིད་དེ་ཡུལ་སྐོར་བ་དང་མཉམ་དུ་སྐྱོད་བཞིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་སུན་རུའེ་པོ་ཡིས་པར་བླངས།

    འདི་ནི་སྤུ་ཧྲེང་རྫོང་བར་ག་ཤང་གངས་ས་གྲོང་ཚོར་མི་རྟ་གཉིས་ངལ་གསོ་བཞིན་ཡོད་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་སུན་རུའེ་པོ་ཡིས་པར་བླངས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།