འཁྱགས་ཐང་དུ་འཁྱགས་སྙིང་འཚོལ་ཞིབ་བྱེད་པ།
—— མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་བུ་རོགས་གངས་རིའི་འཁྱགས་ཐང་ནས་སླར་ཡང་འཁྱགས་སྙིང་ལེན་པ།
མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི“ཆུ་གསོག་མཐོ་ལྕོག་སྲུང་སྐྱོང་བྱེད—‘འཁྱགས་ཐང་གཅིག་དང་། མཚོ་གཉིས། གཙང་པོ་གསུམ’བཅས་ཀྱི་མཚོན་རྟགས་རང་བཞིན་གྱི་ཚན་རིག་རྟོག་ཞིབ་བྱེད་སྒོ་གལ་ཆེན”ད་ལོའི་ཟླ་8པར་སྤེལ་འགོ་ཚུགས་རྗེས་བུ་རོགས་གངས་རིའི་འཁྱགས་ཐང(འཁྱགས་ཐང་གཅིག)གི་འཁྱགས་སྙིང་ལེན་པ་དེ་ད་ཐེངས་ཚན་རིག་རྟོག་ཞིབ་ཀྱི་ནང་དོན་གལ་ཆེན་ཞིག་ཏུ་གྱུར་ཡོད།
ཟླ་9ཚེས་12ཉིན། ཨ་རིའི་ཚན་རིག་ཁང་གི་ཡོན་ཧྲི་དང་ཀྲུང་གོ་ཚན་རིག་ཁང་རྒྱལ་ཁོངས་ཕྱིའི་ཡོན་ཧྲི་ཐང་ཕུའུ་སེན་དང་ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི་དང་མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་རུ་ཁག་གི་རུ་དཔོན་ཡའོ་ཐན་ཏུང་ཐད་འཕུར་གནམ་གྲུར་བསྡད་དེ་ས་བབ་མཐོ་ཚད་སྨི་6100ཡོད་པའི་བུ་རོགས་གངས་རིའི་འཁྱགས་ཐང་གི་འཁྱགས་རོམ་ཨང་10པའི་འཁྱགས་ཁུལ་Cལས་སྒྲུབ་ས་ཚིགས་སུ་འབྱོར། དེ་གར་ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོ་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་གཞོན་པ་ཞུས་པོ་ཆིང་གིས་སྣེ་ཁྲིད་པའི་མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་རུ་ཁག་གིས་བུ་རོགས་གངས་རིའི་འཁྱགས་ཐང་གི་འཁྱགས་སྙིང་འབིགས་ལེན་དང་འཁྱགས་ངོས་བརྒྱུད་རིམ་གྱི་ཚན་རིག་རྟོག་ཞིབ་ཚོགས་ཆུང་དང་མཉམ་དུ་འཁྱགས་སྙིང་འབིགས་ལེན་བྱེད་བཞིན་ཡོད།
འཁྱགས་སྙིང་ནི་གནམ་གཤིས་ཁོར་ཡུག་འགྱུར་ལྡོག་ལ་ཚན་རིག་ཞིབ་འཇུག་གི་སྒོ་མོ་འབྱེད་པའི་ལྡེ་མིག་ལྟ་བུ་ཡིན། ལོ་32གོང་གི་1992ལོའི་དབྱར་ཁར་ཡའོ་ཐན་ཏུང་དང་ཐང་ཕུའུ་སེན་སོགས་ཀྲུང་གོ་དང་ཨ་རིའི་ཚན་རིག་མཁས་ཅན་ཚོས་ཁུ་ནུ་རི་བོ་ནུབ་མའི་ཀུའུ་ལི་ཡ་འཁྱགས་རིར་འཛེགས་ནས། མིག་སྔའི་འཕྲེད་ཐིག་ཏུའུ་གྲངས་འབྲིང་དམའི་ས་ཁུལ་གྱི་རིང་ཚད་དང་ཐོ་འགོད་དུས་ཚོད་རིང་ཤོས་ཀྱི་འཁྱགས་སྙིང་སྟེ། རིང་ཚད་སྨི་308.6ཡོད་པ་དང་ལོ་རབས་བར་བརྒལ་ལོ་ཁྲི་70ལྷག་ཙམ་ཡོད་པའི་འཁྱགས་སྙིང་འབིགས་ལེན་བྱས་པ་རེད། འཁྱགས་སྙིང་དེར་ཞིབ་འཇུག་བྱས་པ་བརྒྱུད་འཁྱགས་རིམ་མཐའ་མའི་དུས་སྐབས་ནས་དུས་ཚོད་སྣ་ཚོགས་ཀྱི་གནམ་གཤིས་ཁོར་ཡུག་འགྱུར་ལྡོག་གི་ཟིན་ཐོ་སླར་གསོ་ཞིབ་ཕྲ་བྱས་པ་རེད།
ཡའོ་ཐན་ཏུང་གིས“བུ་རོགས་གངས་རིའི་འཁྱགས་ཐང་ལ་དམིགས་བསལ་གྱི་ཁྱད་ཆོས་ལྡན་ཞིང་། དེའི་ཆེ་ཆུང་ནི་ལྷོ་སྣེ་དང་བྱང་སྣེའི་འཁྱགས་རོམ་ཕུད་པའི་ཆེ་ཤོས་རེད། 2000ལོར་ང་ཚོས་དེ་གར་འཁྱགས་སྙིང་བླངས་ནས་ས་ཁུལ་འདིའི་གནམ་གཤིས་འགྱུར་ལྡོག་གི་ལོ་རྒྱུས་སླར་གསོ་བྱས་པ་ཡིན། ད་ཐེངས་ནི་མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་རྒྱབ་སྐྱོར་འོག་དུས་རབས་དེ་བས་སྔ་བའི་འཁྱགས་སྙིང་བླངས་ནས་དེ་སྔའི་ཁོར་ཡུག་གི་འགྱུར་ལྡོག་ཤེས་རྟོགས་ཐུབ་པ་བྱ་རྒྱུ་ཡིན”ཞེས་བཤད།
བུ་རོགས་གངས་རིའི་འཁྱགས་ཐང་ནི་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ལྟེ་བའི་ས་ཁོངས་སུ་གནས་ཤིང་། རང་རྒྱལ་གྱི་ས་བབ་མཐོ་ཤོས་ཀྱི་རྫོང་རིམ་པའི་སྲིད་འཛིན་ཁུལ་ཏེ། བོད་ལྗོངས་མཚོ་གཉིས་རྫོང་ནས་བྱང་ཤར་མཚམས་ཀྱི་སྤྱི་ལེ་90ཙམ་གྱི་སར་གནས་ཡོད།
2000ལོའི་ཟླ་10པའི་ཚེས་11ཉིན། ཚན་རིག་རྟོག་ཞིབ་རུ་ཁག་གིས་ཐོག་མར་སྨི་118.55ཡི་འཁྱགས་སྙིང་ལེན་ཐུབ་པ་དང་དེ་རྗེས་ཚན་རིག་རྟོག་ཞིབ་རུ་ཁག་གིས་སླར་ཡང་སྨི་213དང་སྨི་154ཡི་འཁྱགས་སྙིང་ལེན་ཐུབ་ཡོད།
ཐང་ཕུའུ་སེན་གྱིས“མིག་སྔར་གོ་ལ་ཧྲིལ་པོའི་འཁྱགས་རོམ་ཚང་མ་ཆུང་དུ་འགྲོ་བཞིན་ཡོད། གལ་ཏེ་འཁྱགས་རོམ་རྦད་དེ་བཞུར་ཚེ་དེར་ཡོད་པའི་སའི་གོ་ལའི་ལོ་རྒྱུས་ཟིན་ཐོའང་མེད་པར་འགྱུར་རྒྱུ་རེད། དེར་བརྟེན་འཁྱགས་སྙིང་དེ་དག་ཉར་ཚགས་བྱ་རྒྱུ་ནི་ཧ་ཅང་གལ་འགངས་ཆེ་བ་ཞིག་ཡིན། འཁྱགས་སྙིང་ཡོད་ན་ཡིག་ཚགས་ཡོད་པས་ལག་རྩལ་གསར་པ་ཐོན་སྐབས་ང་ཚོས་སྔར་བཞིན་འཁྱགས་སྙིང་དེ་དག་གི་ཁྲོད་ནས་ལོ་རྒྱུས་ཀྱི་ཆ་འཕྲིན་རྟོགས་ཐུབ”ཅེས་བཤད།
གོ་ལ་ཧྲིལ་པོའི་གནམ་གཤིས་དྲོ་རུ་ཕྱིན་པར་བརྟེན། མིག་སྔར་བུ་རོགས་གངས་རིའི་འཁྱགས་ཐང་ཆུང་དུ་འགྲོ་བཞིན་ཡོད། ཞིབ་འཇུག་ལས་མངོན་པར། 2000ལོར་བུ་རོགས་གངས་རིའི་འཁྱགས་ཐང་གི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་420ལྷག་ཙམ་ཟིན་པ་དང་2021ལོར་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་389ཙམ་བར་ཆུང་དུ་ཕྱིན་ཡོད་པ་རེད།
ད་ལོའི་ཟླ་8པར་རང་རྒྱལ་གྱིས་མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི“ཆུ་གསོག་མཐོ་ལྕོག་སྲུང་སྐྱོང་བྱེད—‘འཁྱགས་ཐང་གཅིག་དང་། མཚོ་གཉིས། གཙང་པོ་གསུམ’བཅས་ཀྱི་མཚོན་རྟགས་རང་བཞིན་གྱི་ཚན་རིག་རྟོག་ཞིབ་བྱེད་སྒོ་གལ་ཆེན”སྤེལ་བ་དང་བུ་རོགས་གངས་རིའི་འཁྱགས་ཐང(འཁྱགས་ཐང་གཅིག)དང་། སེར་གླིང་མཚོ་དང་གནམ་མཚོ(མཚོ་གཉིས) འབྲི་ཆུའི་ཆུ་འགོ་དང་། རྒྱལ་མོ་རྔུལ་ཆུའི་ཆུ་འགོ ཉག་ཆུའི་ཆུ་འགོ(ཆུ་བོ་གསུམ)སོགས་འགག་རྩའི་ས་ཁོངས་ལ་དམིགས་ཏེ་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་དང་ཞིབ་འཇུག་བྱས་པ་རེད། དེའི་ནང་བུ་རོགས་གངས་རིའི་འཁྱགས་ཐང་གི་འཁྱགས་སྙིང་ལེན་རྒྱུ་དེར་ད་ཐེངས་ཀྱི་ཚན་རིག་རྟོག་ཞིབ་ཀྱིས་མཐོང་ཆེན་པོ་བྱེད་ཀྱི་ཡོད་པ་རེད།
ཡའོ་ཐན་ཏུང་གིས“‘འཁྱགས་ཐང་གཅིག་དང་། མཚོ་གཉིས། གཙང་པོ་གསུམ’བཅས་ཀྱི་མཚོན་རྟགས་རང་བཞིན་གྱི་ཚན་རིག་རྟོག་ཞིབ་བྱེད་སྒོ་གལ་ཆེན་སྤེལ་བ་བརྒྱུད། ང་ཚོས་འཕྲེད་ཐིག་ཏུའུ་གྲངས་འབྲིང་དམའི་ས་ཁུལ་གྱི་འཁྱགས་ཐང་ཆེ་ཤོས་དེར་འབྱུང་བཞིན་པའི་འགྱུར་ལྡོག་དང་ཁོར་ཡུག་གི་འགྱུར་ལྡོག་ལ་སྔར་བས་ལེགས་པའི་སྒོ་ནས་ཞིབ་དཔྱད་བྱས་ཏེ། གོ་ལ་ཧྲིལ་པོའི་གནམ་གཤིས་དྲོ་རུ་ཕྱིན་པ་ལས་འཁྱགས་རོམ་ལ་ཐེབས་པའི་ཤུགས་རྐྱེན་ཕྱོགས་ཡོངས་ནས་ཤེས་རྟོགས་ཐུབ་པ་དང་། རིམ་འབྲེལ་རྣམ་པའི་ཚུར་སྣང་བརྒྱུད་རིམ་གྱི་སའི་གོ་ལའི་མཐོང་ཟུར་གྱི་ཐོག་ནས་འཁྱགས་རོམ་གྱི་འགྱུར་ལྡོག་ལས་མཚོ་མཚེའུ་ལ་ཐེབས་པའི་ཤུགས་རྐྱེན་དང་། གཙང་པོར་ཐེབས་པའི་ཤུགས་རྐྱེན། མཐའ་འཁོར་ས་ཁུལ་གྱི་མིའི་རིགས་ཀྱི་འཚོ་གནས་ཁོར་ཡུག་ལ་ཐེབས་པའི་ཤུགས་རྐྱེན་བཅས་ལ་གསལ་བཤད་ཐུབ་རྒྱུ་རེད”ཅེས་བཤད།