ཤེས་ལྡན་པའི་བོད་སྐྱོར་ལས་ཀུན་གྱི་བློ་གྲོས་འཕེལ།
2021ལོར་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་རུས་ནད་ཚན་ཁག་གི་སྨན་པ་ཡ་ཡས་སྣེ་ཁྲིད་དེ་ས་གནས་དེ་གའི་ནད་པར་རུས་ཚིགས་ཤེལ་འོག་གི་པུས་ཚིགས་དབར་གྱི་རུས་ཆག་གཤགས་བཅོས་ཐོག་མ་བྱས་ནས་བོད་དུ་གཤགས་བཅོས་དེ་རིགས་ཀྱི་སྟོང་ཆ་མེད་པར་གྱུར་པ་རེད།
2019ལོར་བོད་ཀྱི་གྲངས་ཉུང་མི་རིགས་ཀྱི་ཆེད་ལས་ལག་རྩལ་ཤེས་ལྡན་པའི་དམིགས་བསལ་གསོ་སྐྱོང་སློབ་མ་ཁག་གསུམ་པའི་གྲས་ཡིན་པའི་ཡ་ཡ་སི་ཁྲོན་སློབ་ཆེན་ཧྭ་ཤིས་སྨན་ཁང་དུ་གསོ་སྦྱོང་ནང་ཞུགས་ཤིང་། རིགས་པའི་གཞུང་ལུགས་ཀྱི་སློབ་ཁྲིད་དང་ལག་ལེན་བཀོལ་སྤྱོད་ཟུང་འབྲེལ་གྱི་སློབ་སྦྱོང་ལ་བརྟེན་ནས་ཡ་ཡའི་ཆེད་ལས་རྩལ་ནུས་ལེགས་སུ་སོང་བ་རེད།
ཉེ་བའི་ལོ་ཤས་རིང་། བོད་ཀྱིས་ཆེད་ལས་ལག་རྩལ་ཤེས་ལྡན་པའི་དཔུང་ཁག་གསོ་སྐྱོང་ཤུགས་ཆེན་བྱས་ཤིང་། ལོ་15ཡི་རིང་ཞིང་ནགས་ཆུ་འབྲོག་དང་། ཚན་སློབ་རིག་འཕྲོད། ཁོར་ཡུག་སྲུང་སྐྱོང་། ཆུ་བེད་འགྲིམ་འགྲུལ་སོགས་ཁྱབ་ཁོངས་སུ་འགན་འཁྲི་འཁུར་ཐུབ་པ་དང་། མིག་དཔེ་སྟོན་ཐུབ་པ། བྱས་རྗེས་འཇོག་ཐུབ་པ་བཅས་ཀྱི་ཆེད་ལས་ལག་རྩལ་ཤེས་ལྡན་པ་1800ལྷག་ཙམ་གནད་སྨིན་གསོ་སྐྱོང་བྱས་པ་རེད།
ཆེད་ལས་གསོ་སྦྱོང་བྱས་ཏེ། གསོ་སྐྱོང་གི་ཇུས་གཞི་བབ་བསྟུན་ངང་བཟོས་པ།
སྔོན་ཆད་ས་ཁམས་ཁོར་ཡུག་དང་ལོ་རྒྱུས་ཀྱི་རྒྱུ་རྐྱེན་དབང་གིས། བོད་དུ་ཤེས་ལྡན་པ་གསོ་སྐྱོང་དང་། ནང་འདྲེན། གནས་ཐུབ་པ་བཅས་བྱ་རྒྱུར་དཀའ་ངལ་མང་པོ་འཕྲད་ཡོད་ལ། ཆེད་ལས་ལག་རྩལ་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ཐད་སྤྱི་འབོར་མི་འདང་བ་དང་། གྲུབ་ཆའི་རང་བཞིན་གྱི་འགལ་བ་མངོན་གསལ་དོད་པ། ཁྱབ་ཚུལ་ལུགས་དང་མི་མཐུན་པ། གསར་གཏོད་ནུས་པ་ཆེན་པོ་མེད་པ་སོགས་ཀྱི་གནད་དོན་ཡང་ལྷག་ཡོད།
དངོས་ཡོད་ཀྱི་གནད་དོན་དང་དགོས་མཁོ་དངོས་ལ་གཞིགས་ཏེ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་སོགས་པུའུ་ཨུད་7གྱིས་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་མཉམ་འབྲེལ་ཐོག་བོད་ཀྱི་གྲངས་ཉུང་མི་རིགས་ཀྱི་ཆེད་ལས་ལག་རྩལ་ཤེས་ལྡན་པའི་དམིགས་བསལ་གསོ་སྐྱོང་ལས་དོན་ཇུས་གཞི་བཟོས་པ་རེད། 2009ལོ་ནས་བཟུང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་དང་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་གི་དགོས་མཁོ་གཞིར་བཟུང་། བོད་ཀྱིས་གསར་གཏོད་ནུས་པ་དང་དོན་དངོས་ཀྱི་ལས་ཀའི་ནུས་པ་ཆེ་རུ་གཏོང་རྒྱུ་གཙོ་བོར་བྱེད་པ་དང་རིམ་པ་འབྲིང་མཐོའི་གྲངས་ཉུང་མི་རིགས་ཀྱི་ཆེད་ལས་ལག་རྩལ་ཤེས་ལྡན་པ་གསོ་སྐྱོང་བྱ་རྒྱུ་གཙོ་གནད་དུ་བྱས་ནས་ཆེད་ལས་གསོ་སྦྱོང་བྱས་པ་རེད།
“གསོ་སྦྱོང་བྱེད་རིང་ཧྭ་ཤིས་སྨན་ཁང་གི་སྨན་པས‘གཅིག་གཏད་གཅིག’གི་སློབ་དཔོན་ལམ་ལུགས་སྤྱད་དེ་བབ་བསྟུན་གྱི་གསོ་སྐྱོང་ཇུས་གཞི་བཟོས་ཡོད། དགེ་རྒན་ཆེ་མོ་བའི་ཆེད་ལས་ཤེས་བྱ་ཡིན་ནའང་འདྲ། ཡང་ན་དངོས་སྤྱོད་ལག་རྩལ་གང་ཡིན་རུང་། ཚང་མས་རང་ནུས་རྩལ་སྤྲུགས་བྱེད་ཀྱི་ཡོད”ཅེས་ཡ་ཡས་བཤད།
“ང་ཚོས‘ལྗོངས་ནང་ཁུལ་གྱི་ཤེས་ལྡན་པ་དང་། གཞན་ཡུལ་དུ་གསོ་སྐྱོང་། བོད་དུ་ལོག་ནས་ལས་སྒྲུབ’བཅས་ཟུང་དུ་འབྲེལ་བའི་དམིགས་བསལ་ཤེས་ལྡན་པ་གསོ་སྐྱོང་བྱེད་སྟངས་རགས་ཙམ་བཟོས་པ་དང་། དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་བོད་དུ་གཞི་ཚུགས་པ་དང་ནུས་པ་ཡུན་རིང་འདོན་པའི་ཁ་ཐང་བའི་ཤེས་ལྡན་པ་ཁག་གཅིག་གསོ་སྐྱོང་བྱས་ཡོད”ཅེས་བོད་རང་སྐྱོང་ལྗོངས་མི་སྤྱི་ཐིང་གི་འབྲེལ་ཡོད་འགན་འཁུར་བས་བརྗོད།
ཞིང་ལས་འདེབས་འཛུགས་ལ་མཛུབ་ཁྲིད་ཀྱིས། ཞིང་དུད་ཀྱི་ལག་རྩལ་དཀའ་གནད་བསལ་བ།
ཟླ་8པར་གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་དཔའ་རྩལ་ཤང་བན་ཚང་གྲོང་ཚོའི་ཅིན་ཧྥེང་གླིང་སྔོ་ཚལ་འདེབས་འཛུགས་ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་དྲོད་ཁང་དུ་གྲོང་མི་སྐལ་བཟང་དབང་མོས་ཀྲོ་མ་ཀྲུར་གཡོག་བྱེད་བྱེད་བཞིན་ཡོད་ཅིང་། དྲོད་ཁང་ནང་ཤིས་ཀྭ་དང་། ཀྲོ་མ་ཀྲུ ཧོང་ཀྭ་སོགས་ཤིང་འབྲས་དང་སྔོ་ཚལ་སྣ་ཁ་10ལྷག་ཙམ་བཏབ་ཡོད་པ་རེད།
“ང་ཚོས་སྣེ་ཁྲིད་པའི་མཉམ་ལས་ཁང་ལ་མིག་སྔར་དྲོད་ཁང་ཆེན་པོ་20ལྷག་ཙམ་ཡོད་ལ། ཧྲན་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལག་རྩལ་རིགས་གཅིག་མཁས་ཅན་གྱིས་བསླབས་པའི‘ཕྱུག་འགྱུར་མན་ངག’ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ད་ཆ་སྔོ་ཚལ་དང་ཤིང་འབྲས་ཀྱི་དྲོད་ཁང་ཆེན་པོར་བརྟེན་ནས་ངའི་ཁྱིམ་གྱི་ལོའི་ཡོང་འབབ་སྒོར་ཁྲི་20ལྷག་ཙམ་ཟིན་གྱི་ཡོད”ཅེས་སྐལ་བཟང་དབང་མོས་བརྗོད།
2016ལོར་མོང་ཏེ་ལི་དང་ཁོང་གི་ཚོགས་པ་ཧྲན་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་པས་གཞིས་རྩེ་གྲོང་ཁྱེར་གྱི་པ་སྣམ་རྫོང་དུ་གདན་དྲངས་ནས་ཤིང་འབྲས་དང་སྔོ་ཚལ་གྱི་ཐོན་ལས་འཕེལ་རྒྱས་བཏང་ཞིང་། ད་ཆ་མོང་ཏེ་ལི་ནི་པ་སྣམ་རྫོང་གི་སྔོ་ཚལ་ལག་རྩལ་གྱི་སྤྱི་ཁྱབ་མཛུབ་ཁྲིད་པར་གྱུར་པ་དང་། མཐའ་འཁོར་གྱི་ཞིང་དུད་ལ་སྔོ་ཚལ་འདེབས་འཛུཌ་ལག་རྩལ་གྱི་གནད་དོན་འཕྲད་སྐབས་ཁོང་འཚོལ་གྱི་ཡོད་པ་རེད།
བོད་དུ་ཡུན་རིང་ལས་ཀ་བྱེད་མཁན་བོད་སྐྱོར་ཤེས་ལྡན་པ་ནང་འདྲེན་བྱས་པ་མ་ཟད། ཧྲན་ཏུང་ཞིང་ཆེན་གྱིས་ད་དུང་ཞིང་ལས་རིགས་གཅིག་མཁས་ཅན་སྒྲིག་འཛུགས་བྱས་ནས་དུས་བཀག་ནང་བོད་དུ་ཡོང་སྟེ་མང་ཚོགས་ཀྱི་དོགས་གནད་སེལ་གྱི་ཡོད་པ་རེད།
ཧྲན་ཏུང་ཞིང་ཆེན་ཞིང་ལས་ཚན་རིག་ཁང་གི་ཞིབ་འཇུག་པ་ཧོའུ་ལི་ཞ་ཡིས་ཐག་རིང་པ་སྣམ་རྫོང་དུ་བསྐྱོད་དེ་ཞིང་ཁ་དང་སློབ་ཁང་དུ་ཞིང་ལས་ཚན་རྩལ་རྒྱུན་ཤེས་ཁྱབ་གདལ་གྱི་བྱེད་སྒོ་སྤེལ་ཡོད། ཁོང་གིས་ཡུལ་ལུང་དེ་གའི་ཐོན་སྐྱེད་ཀྱི་ཆ་རྐྱེན་ལྟར་འདེབས་འཛུགས་ལག་རྩལ་སྦྱོང་མཁན་སློབ་མར་མཛུབ་ཁྲིད་བྱས་ཏེ། པ་སྣམ་རྫོང་གི་སྔོ་ཚལ་ཐོན་ལས་འཕེལ་རྒྱས་ཆེད་སྟོབས་ཤུགས་སྐྱེས་སུ་ཕུལ་ཡོད།
མིག་སྔར། པ་སྣམ་རྫོང་གི་སྔོ་ཚལ་འདེབས་ཁྱོན་མུའུ་ཁྲི་1.74ཟིན་པ་དང་། སྔོ་ཚལ་གྱི་ལོའི་ཐོན་འབབ་ཏུན་ཁྲི་6.6ཙམ་ཟིན་ནས། ལོར་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་3ཙམ་བྱུང་ཡོད།
མཉམ་ལས་ལས་སྟེགས་བཏོད་དེ། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་རམ་འདེགས་བྱས་པ།
བོད་རང་སྐྱོང་ལྗོངས་བོད་སྨན་དཔྱད་བཤེར་ཁས་ལེན་དཔང་འདོན་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་དང་སྨན་སྦྱོར་བ་བསོད་ནམས་ཆོས་སྒྲོན་གྱིས“ད་ཆ་ཆ་འཕྲིན་ཅན་གྱི་ལས་སྟེགས་ཡོད་པས་ང་ཚོའི་ཞིབ་བཤེར་ལས་དོན་དེ་བས་ཚན་རིག་དང་མཐུན་པ་དང་གནད་ལ་སྨིན་པོ་བྱུང་སོང་། རྒྱལ་ཁབ་ཞིབ་དཔྱད་དཔྱད་བཤེར་ལྟེ་གནས་དང་ཡུན་རིང་མཉམ་ལས་བྱས་པ་བརྒྱུད་ལས་ཀའི་ཁྲོད་འཕྲད་པའི་ང་ཚོའི་དཀའ་གནད་གང་མགྱོགས་ཐག་གཅོད་ཐུབ་ཀྱི་འདུག”ཅེས་བརྗོད།
འཇིགས་མེད་རྒྱ་མཚོ་ནི་བོད་རང་སྐྱོང་ལྗོངས་སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལྟེ་གནས་ཀྱི་བསླབ་པ་རྒན་གྲས་ཀྱི་ཕྱུགས་རིགས་སྨན་སྦྱོར་བ་ཞིག་རེད། གསོ་སྦྱོང་བྱེད་རིང་ཁོང་གིས་ནན་ཅིང་ཞིང་ལས་སློབ་ཆེན་གྱི་རྒྱུད་བཟང་བྱ་དེ་ཐོན་ལས་གསར་སྤེལ་ཚོགས་པ་འཛུགས་སྐྱོང་ནང་རང་འགུལ་ངང་ཞུགས་པ་མ་ཟད། འབྲེལ་ཡོད་ཀྱི་ཚོད་ལྟ་བྱས་ནས་ལག་རྩལ་གྱི་ཆུ་ཚད་མཐོ་རུ་བཏང་སྟེ་ཡུལ་ལུང་དེ་གའི་འབྲེལ་ཡོད་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་འགྲོ་བར་རམ་འདེགས་ཀྱང་བྱས་ཡོད།
འཇིགས་མེད་རྒྱ་མཚོས“ད་ཆ་བོད་ལྗོངས་དང་སྤུན་ཟླའི་ཞིང་ཆེན་དབར་གྱི་སྤེལ་རེས་སྔར་བས་མང་དུ་སོང་བ་དང་། འབྲེལ་བ་སྔར་བས་ཟབ་ཏུ་ཕྱིན་པ། འབྲེལ་གཏུག་གི་ཐབས་ལམ་སྔར་བས་སྟབས་བདེ་རུ་སོང་ཡོད། ང་ཚོས་རང་འགུལ་ངང་ཕྱིར་སྐྱོད་པ་དང་རང་འགུལ་ངང་ཐོན་ཁུངས་སྣ་ཚོགས་དང་སྦྲེལ་མཐུད་བྱས་ཏེ་ཕན་ཚུན་མཉམ་འདྲེས་ཁྲོད་སློབ་སྦྱོང་དང་འཕེལ་རྒྱས་ཡོང་བ་བྱེད་ཀྱི་ཡིན”ཞེས་བརྗོད།
ཉེ་བའི་ལོ་ཤས་རིང་། བོད་ཀྱི་ཆེད་ལས་ལག་རྩལ་ཤེས་ལྡན་པ་གསོ་སྐྱོང་གི་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། ད་ལོའི་ཟླ་བ་དང་པོའི་བར། བོད་ཀྱི་རྩལ་ནུས་ཤེས་ལྡན་པའི་བསྡོམས་འབོར་ཁྲི་43.21ཟིན་པ་དེས་ལས་ཞུགས་མི་སྣའི་བསྡོམས་འབོར་གྱི་22.05%བཟུང་བ་དང་། རྩལ་ནུས་མཐོ་བའི་ཤེས་ལྡན་པ་ཁྲི་5.33ཡོད་པ་དེས་རྩལ་ནུས་ཤེས་ལྡན་པའི་བསྡོམས་འབོར་གྱི་12.34%བཟུང་ཡོད།