རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་དང་ནོར་སྲིད་པུས་མཉམ་དུ་བརྡ་ཐོ་བཀྲམ་ནས།
ཡུལ་གཞན་དུ་སྨན་བཅོས་བྱེད་རིང་སྨན་རིན་ཐད་ཀར་རྩིས་ཞུ་བྱེད་པའི་དོ་དམ་ཞབས་ཞུར་ཤུགས་སྣོན་བརྒྱབ་པ།
ཉེ་ཆར། རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་ཀྱིས་ནོར་སྲིད་པུའུ་དང་མཉམ་དུ《ཡུལ་གཞན་དུ་སྨན་བཅོས་བྱེད་རིང་སྨན་རིན་ཐད་ཀར་རྩིས་ཞུ་བྱེད་པའི་དོ་དམ་ཞབས་ཞུར་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བརྡ་ཐོ》(གཤམ་ལ《བརྡ་ཐོ》ཞེས་བསྡུ་རྒྱུ)
བཀྲམ་ནས། ཡུལ་གཞན་དུ་སྨན་བཅོས་བྱེད་རིང་སྨན་རིན་རྩིས་ཞུ་བྱེད་སྟངས་འཐུས་སྒོ་ཚང་དུ་གཏོང་བ་དང་ཡུལ་གཞན་དུ་སྨན་བཅོས་བྱེད་རིང་སྨན་རིན་ཐད་ཀར་རྩིས་ཞུ་བྱེད་པའི་དོ་དམ་ཞབས་ཞུར་ཤུགས་སྣོན་བརྒྱབ་སྟེ་སྨན་བཅོས་འགན་བཅོལ་ཐེབས་རྩའི་བདེ་འཇགས་སྲུང་སྐྱོང་ཏན་ཏིག་བྱ་རྒྱུ་རེད།
《བརྡ་ཐོའི》ནང་། ཡུལ་གཞན་དུ་སྨན་བཅོས་བྱེད་པའི་ཐོ་འགོད་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། ཡུལ་གཞན་དུ་སྨན་བཅོས་བྱེད་རིང་སྨན་རིན་རྩིས་ཞུའི་སྲིད་ཇུས་གཏན་འཁེལ་ལུགས་མཐུན་བྱེད་པ། སྨན་བཅོས་ས་ཚིགས་ལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། ཡུལ་གཞན་དུ་སྨན་བཅོས་བྱེད་རིང་སྨན་རིན་ཐད་ཀར་རྩིས་ཞུ་བྱེད་པའི་ལས་སྒྲུབ་ཞབས་ཞུ་ལེགས་སུ་གཏོང་བ། ཡུལ་གཞན་དུ་སྨན་བཅོས་བྱེད་རིང་སྨན་རིན་ཐད་ཀར་རྩིས་ཞུ་བྱེད་པའི་ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་རྒྱག་པ། ཡུལ་གཞན་དུ་སྨན་བཅོས་བྱེད་པའི་ཐེབས་རྩའི་ལྟ་སྐུལ་དོ་དམ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་སོགས་ཀྱི་ཐད་བླང་བྱ་ཁ་གསལ་བཏོན་ཡོད་པ་རེད།
ཡུལ་གཞན་དུ་སྨན་བཅོས་བྱེད་རིང་སྨན་རིན་རྩིས་ཞུ་བྱེད་པའི་སྲིད་ཇུས་གཏན་འཁེལ་ལུགས་མཐུན་བྱེད་པའི་ཐད《བརྡ་ཐོའི》ནང་། ས་གནས་ཁག་གིས་ཞིང་ཆེན་བསྒྲལ་ནས་ཡུལ་གཞན་དུ་སྨན་བཅོས་བྱེད་པའི་ཧེ་བག་ཅན་གྱི་རྩིས་ཞུའི་སྲིད་ཇུས་གཏན་འཁེལ་ལུགས་མཐུན་བྱེད་པ་དང་། ཐེབས་རྩའི་རིམ་རྩིས་ལྷག་འཕྲོས་ནས་གཏོང་སྤྲོད་ཆོག་པའི་ཟླ་གྲངས་ཟླ་བ་6ལས་ཉུང་བ་དང་། འགན་བཅོལ་ལ་ཞུགས་མཁན་གྱིས་ཡུལ་གཞན་དུ་སྨན་བཅོས་ཀྱི་དགོས་མཁོ་མང་བའི་ས་ཁུལ་ལ་བླང་བྱ་དེ་བས་ཞིབ་ཕྲ་བཏོན་ནས། ཐེབས་རྩའི་འཁོར་སྐྱོད་ཀྱི་ཉེན་ཁར་དཔྱད་དཔོག་ཡག་པོ་བྱེད་པ་དང་ཆབས་ཅིག ཡུལ་གཞན་དུ་སྨན་བཅོས་བྱེད་རིང་སྨན་རིན་རྩིས་ཞུ་བྱེད་པའི་སྲིད་ཇུས་ཀྱང་དུས་ཐོག་ཏུ་འཐུས་སྒོ་ཚང་དུ་གཏོང་བ་དང་། ཞིང་ཆེན་བསྒྲལ་ནས་གནས་སྐབས་ཕྱིར་སྨན་བཅོས་བྱེད་པར་སྐྱོད་མཁན་གྱི་སྨན་རིན་རྩིས་ཞུའི་ཆུ་ཚད་དེ་འགན་བཅོལ་ནང་ཞུགས་ཡུལ་དང་རིམ་པ་གཅིག་མཚུངས་ཀྱི་སྨན་བཅོས་སྒྲིག་གཞིའི་རྩིས་ཞུའི་ཆུ་ཚད་ཀྱི་ཧེ་བག་དང་ལུགས་མཐུན་ཡོང་བར་བྱེད་དགོས་པའི་བླང་བྱ་བཏོན་ཡོད།