དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཞབས་ཞུའི་མཉམ་ལས་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་དང་ལྗང་མདོག་གསར་གཏོད་ལ་བརྟེན་ནས་འབྱུང་འགྱུར་བསུ་བ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཀྲང་པོ་ལན་དང་ལིའུ་ལིང་ལིང་།   |     སྤེལ་དུས།  2024-09-21

    ཟླ་9ཚེས་16ཉིན། 2024ལོའི་ཀྲུང་གོ་རྒྱལ་སྤྱིའི་ཞབས་ཞུའི་ཚོང་དོན་ཚོང་འདུས་པེ་ཅིང་དུ་གྲོལ་ཞིང་། རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་85ཡིས་འགྲེམས་སྟོན་དང་ཚོང་འདུས་གཉེར་བ་ལས་འགྲེམས་ཁུལ་ཁག་13རང་ཚུགས་ངང་བཙུགས་པ་ཞིག་ཡིན་པ་དང་གྲངས་འབོར་ཚང་མ་སྐབས་གོང་མ་ལས་མང་བ་ཡོད་པ་རེད། རྒྱལ་སྤྱིའི་འགྲེམས་ཞུགས་ཚོང་པས་ཞབས་ཞུའི་ཚོང་དོན་ཚོང་འདུས་ནི་ཀྲུང་གོའི་ཞབས་ཞུའི་ལས་རིགས་དང་ཞབས་ཞུའི་ཚོང་དོན་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་བའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་རེད། ཀྲུང་གོས་ཆུ་ཚད་མཐོ་བའི་སྒོ་དབྱེར་བརྟེན་ནས་གོ་ལ་ཧྲིལ་པོའི་ཞབས་ཞུའི་ཚོང་དོན་གྲངས་འཛིན་ཅན་དང་། རིག་ནུས་ཅན། ལྗང་མདོག་ཅན་བཅས་ཀྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་བཞིན་ཡོད་པས་ཀྲུང་གོ་ཕྱོགས་དང་ལག་གདང་སྦྲེལ་ཏེ་མཉམ་དུ་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་ལེའུ་གསར་པ་ཞིག་རྩོམ་རྒྱུའི་རེ་སྒུག་བྱེད་བཞིན་ཡོད་ཅེས་གཅིག་རྗེས་གཉིས་མཐུད་ངང་བཤད།

    གོ་སྐབས་མཉམ་སྤྱོད་དང་། མཉམ་ལས་མཉམ་གྲོས། འཕེལ་རྒྱས་མཉམ་སྐུལ་བཅས་བྱས་ཤིང་། 2012ལོར་ཞབས་ཞུའི་ཚོང་དོན་ཚོང་འདུས་དེ་གཉེར་ཚུན་ཚོང་འདུས་དེས་རྒྱལ་ཁབ་དང་ས་ཁུལ་197གྱི་འགྲེམས་སྟོན་ཚོང་པ་ཁྲི་90ལྷག་ཙམ་འགྲེམས་སྟོན་དང་ཚོང་འདུས་ནང་ཞུགས་རྒྱུའི་ཡིད་དབང་བཀུག་ཡོད་པ་རེད། འདི་ལོའི་ཞབས་ཞུའི་ཚོང་དོན་འཕེལ་རྒྱས་གླེང་སྟེགས་ཐོག་དཔལ་འབྱོར་མཉམ་ལས་དང་འཕེལ་རྒྱས་རྩ་འཛུགས་ཀྱི་དྲུང་ཆེ་གཞོན་པ་ཁེ་ནུའུ་སེན་གྱིས་ལག་རྩལ་གསར་པ་མགྱོགས་པོ་འཕེལ་རྒྱས་ཕྱིན་པ་ལས་ཀྲུང་གོའི་ཞབས་ཞུའི་ཚོང་དོན་གྱི་གཞི་ཁྱོན་གྱིས་གོ་ལ་ཧྲིལ་པོའི་བསྡུར་ཚད་6%བཟུང་ཡོད་པ་རེད་ཅེས་བཤད།

    ཕོ་ལན་གྱི་རུའེ་པིན་ཟོག་འགྲེམས་ཚོགས་པའི་ཁེ་ལི་སི་ཐུའོ་ཧྥུའུ·ཕུར་ཙེ་པི་ལུའོ་ཡིས“ཀྲུང་གོ་ནི་གོ་ལ་ཧྲིལ་པོའི་ཞབས་ཞུའི་ཚོང་དོན་ལ་ལེགས་སྐྱེས་འབུལ་མཁན་གལ་ཆེན་ཞིག་ཡིན། ཞབས་ཞུའི་ཚོང་དོན་ཚོང་འདུས་ཀྱིས་སྒོ་དབྱེ་དང་། མཉམ་ལས། གཉིས་ཁེ་བཅས་ཀྱི་དགེ་མཚན་ལྡན་པའི་བརྡ་བཏང་བ་དང་ཀྲུང་གོའི་ཁྲོམ་རར་ཕྱི་རྒྱལ་གྱི་མ་དངུལ་གཏོང་མཁན་ཁེ་ལས་ཀྱི་ཡིད་དབང་འཕྲོག་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། ང་ཚོས་ཀྲུང་གོ་དང་ཚོང་ལས་རོགས་ཟླ་དང་ཡུན་རིང་གི་མཉམ་ལས་འབྲེལ་བ་འཛུགས་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད”ཅེས་བཤད།

    རྒྱལ་སའི་ལྕགས་དང་ངར་ལྕགས་གླིང་གི་ཐབ་ཆེན་བཞི་པ་སྒྱུར་བཀོད་བྱས་ནས་གྲུབ་པའི་2024ལོའི་ཞབས་ཞུའི་ཚོང་དོན་ཚོང་འདུས་ཁང་དང་པོའི་སུའེ་ཙེར་གྱི་མཁའ་རླུང་གཙང་བཟོའི་ཆ་འཕྲིན་ཚན་རྩལ་ཀུང་སིའི་ཨའེ་ཁེ་ཨེར་འགྲེམས་སྟེགས་སུ་སྐྱོད་སྐབས་མཁའ་རླུང་སྤུས་ཚད་ཀྱི་གཞི་གྲངས་ཆེན་པོ་དང་ཐཱན་ཉུང་འཁོར་རྒྱུག་ཆོག་པའི་མཁའ་རླུང་གཙང་བཟོའི་ཡོ་བྱད་སོགས་ཐོན་རྫས་ཀྱིས་ལྟ་སྐོར་བ་མང་པོའི་ཡིད་དབང་བཀུག་ཡོད། ཀུང་སི་དེའི་གོ་ལ་ཧྲིལ་པོའི་དབུ་བཞུགས་ལག་བསྟར་དཔོན་ཧྥུའུ་ལན་ཁེ·ཁེ་ལི་སི་ཐི·ཧ་མུའུ་ཡིས“བློ་འདྲི་དང་མཉམ་ལས་བྱེད་པར་ཡོང་མཁན་ཀུང་སི་ཇེ་མང་དུ་ཕྱིན་པ་དེས་ང་ཚོས་འབྱུང་འགྱུར་གྱི་ལྗང་མདོག་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་སྔར་བས་གསལ་པོར་ཚོར་ཐུབ། ཀྲུང་གོའི་རོགས་ཟླ་དེ་བས་མང་བ་དང་ལྗང་མདོག་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་དེ་བས་སྐྱོན་བྲལ་དང་རྒྱུན་མཐུད་ཆོག་པའི་འབྱུང་འགྱུར་གཏོད་ཆེད་ལེགས་སྐྱེས་འབུལ་རྒྱུའི་རེ་སྒུག་བྱེད་བཞིན་ཡོད”ཅེས་བཤད།

    ཧྥ་རན་སེ་ནི་འདི་ལོའི་ཞབས་ཞུའི་ཚོང་དོན་ཚོང་འདུས་ཀྱི་གཙོ་མགྲོན་རྒྱལ་ཁབ་ཅིག་རེད། ཧྥ་རན་སེའི་ཀྲི་ཨོ་ཚོགས་འགྲེམས་ཚོགས་པ་ཀྲུང་གོའི་ཁྲོམ་རར་ཞུགས་ནས་ལོ་20ཙམ་སོང་བ་དང་ཚོགས་པའི་ཀྲུང་ཧྭ་ཆེན་པོའི་ཁུལ་གྱི་སྤྱི་ཁྱབ་དབྱི་ནའེ་སི·ཅི་ནུང་གིས་སྐབས་འདིའི་ཞབས་ཞུའི་ཚོང་དོན་ཚོང་འདུས་ཐོག་འགྲེམས་སྟོན་བྱས་པའི་མི་ཐབས་ཀྱི་རིག་ནུས་དང་རྟོག་བཟོས་དོན་དངོས་སོགས་གསར་གཏོད་ལག་རྩལ་དང་འདུ་ཤེས་ལ་དོ་ཁུར་བྱས་ནས་གསར་གཏོད་ལག་རྩལ་དེ་དག་གིས་གོ་ལ་ཧྲིལ་པོའི་ཞབས་ཞུའི་ཚོང་དོན་འཕེལ་རྒྱས་འགྲོ་མགྱོགས་སུ་དང་མཉམ་ལས་བྱེད་མགྱོགས་སུ་འགྲོ་སྲིད་པའི་ངོས་འཛིན་བྱས་ཤིང་། ཁོང་གིས“ཞབས་ཞུའི་ཚོང་དོན་ཚོང་འདུས་ནི་གོ་ལ་ཧྲིལ་པོའི་ཞབས་ཞུའི་ཚོང་དོན་ནང་ཞུགས་མཁན་གཅིག་སྡུད་ཀྱི་ལས་སྟེགས་གལ་ཆེན་ཞིག་ཡིན་པས་གོ་ལ་ཧྲིལ་པོའི་ཞབས་ཞུའི་ལས་རིགས་དང་ཞབས་ཞུའི་ཚོང་དོན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྒུལ་ཤུགས་ཆེན་པོ་བསྣན་ཡོད”ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།