དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • གསེར་མདོག་གི་ཞིང་ཁ།

    ལིའུ་ཤིན་དབྱི།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-09-21

    ཇོ་བོ་གྲོང་རྡལ་ནི་ས་བབ་མཐོ་ཚད་སྨི་སུམ་སྟོང་ལྷག་ཙམ་གྱི་ལུང་གཞུང་ཁུལ་དུ་གནས་ཤིང་། དེ་ནི་སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་ལི་ཐང་རྫོང་བྱ་པ་ཡུག་ཁུལ་གྱི་ནས་ཐོན་ཁུལ་གཙོ་བོ་ཞིག་རེད། སི་ཧོ་གྲོང་ཚོའི་རྒད་པོ་ངག་ཆོས་ཀྱི་སྒོ་རའི་ནང་སླེབས་སྐབས་དེ་གར་སྐམ་པའི་སྐྱུ་རུའི་དབྱིབས་ཀྱི་འབྲུ་རྡོག་ཆུང་ངུ་དེ་དག་གིས་ངའི་ཡིད་དབང་འཕྲོག་ཅིང་། འབྲུ་རྡོག་དེ་དག་ནང་སྔོན་པོ་དང་སྔོ་ལྗང་ཡོད་ལ་བལྟས་པ་ཙམ་གྱིས་ཡིད་དུ་འོང་བ་ཞིག་འདུག དེའི་ཁྲོད་ཁམ་སྐྱ་དང་། རྫ་མདོག སྨུག་ནག་བཅས་ཀྱང་འདྲེས་འདུག མཉམ་དུ་ཡོད་པའི་གྲོགས་པོ་ཚོས་ང་ལ་དེ་ནི་ནས་ནག་རེད། དེ་དག་སྐམ་ཐག་ཆོད་རྗེས་སྨུག་ནག་ཏུ་གྱུར་གྱི་རེད་ཅེས་བཤད་བྱུང་། རྩི་ཤིང་དེའི་འབྲུ་རྡོག་གི་ཚོས་གཞི་འདྲ་མིན་སྣ་ཚོགས་ཡིན་སྟབས་ངས་པར་མང་པོ་བརྒྱབ་ནས་པར་ཆས་ནང་ཆེ་རུ་བཏང་སྟེ་ལྟ་སྐབས་ཆུ་ནང་གི་ཚོན་མདོག་ཅན་གྱི་རྡོ་རིལ་དང་འདྲ་བར་ཟིལ་པ་ཁྲུམ་མེར་འདུག

    ས་བབ་མཐོ་ཚད་སྨི་བཞི་སྟོང་ལྔ་བརྒྱ་ཡན་གྱི་གྲང་ངར་ཆེ་ཁུལ་དུ་རྒྱུན་གཏན་ལྟར་སྨིན་ཐུབ་པའི་སྐྱེ་དངོས་མང་པོ་མེད་ཅིང་། ངས་ཤེས་པ་ནི་ནས་ཁོ་ན་རེད། དེར་སྨན་དང་ཟས་ཀྱི་ཕན་ནུས་གཉིས་ཀ་ལྡན་པ་དང་། སྐྱེ་འཚར་གྱི་དུས་འཁོར་ཐུང་བ། མཐུན་འཕྲོད་རང་བཞིན་ཆེ་ལ་ཐོན་འབབ་མཐོ་བས། ནས་ནི་ས་བབ་མཐོ་བའི་ཁུལ་དུ་འདེབས་འཛུགས་རྒྱ་ཁྱབ་བྱེད་པ་དང་བཟའ་མཁན་མང་པོ་ཡོད་ཅིང་། འཚོ་བཅུད་ལྡན་པའི་འབྲུ་རིགས་གཙོ་བོ་ཞིག་རེད། ནས་བརྔོས་རྗེས་རྩམ་པ་བཏགས་ནས་འཁྱེར་ཆོག་པ་དང་ཇ་བསྲུབས་མ་དང་མཉམ་དུ་བཟའ་ཆོག་ལ། ཕྱུགས་འཚོ་བ་དང་འགྲུལ་བཞུད་ཀྱི་ལམ་བར་གྱི་རྒྱགས་ཕྱེར་ཧ་ཅང་འཚམ་པོ་ཡོད།

    བྱ་པར་སྡོད་སྐབས་ཞོགས་ཟས་ཚང་མ་ཇ་བསྲུབས་མ་དང་རྩམ་པ་བཟས་པ་ཡིན། དེ་གཉིས་འཚོ་བཅུད་ཧ་ཅང་ཆེ་བས་ས་མཐོའི་འཚོ་བཅུད་ཆེ་བའི་ཞོགས་ཟས་ཞེས་སུ་འབོད་པ་དང་རྩམ་པ་ཟ་ཞོར་དུ་ཇ་ཧུབ་རེ་བཏུང་ཚེ་བྲོ་བ་དེ་བས་ཞིམ་པོ་འདུག

    ངེད་ཚོ་སྒོ་རའི་ནང་བསྡད་དེ་རྒད་པོ་ངག་ཆོས་དང་ཅི་འཕྲོས་མོལ་འཕྲོས་བྱས་ཤིང་། ཚེ་གང་རིང་ནས་དང་འགྲོགས་པའི་རྒད་པོ་ཁོང་ནས་འདེབས་པའི་ལས་ལ་ཧ་ཅང་བྱང་ཆུབ་པ་དང་ཁོང་གི་ཁྱིམ་དུ་ནས་མུའུ་བཅོ་ལྔ་བཏབ་ཡོད། དེ་སྔ་འབྲི་གཡག་གིས་ཞིང་ཁ་རྨོ་སྐབས་ཉིན་ལྔ་ཙམ་འགོར་བ་དང་ད་ཆ་འཕྲུལ་ཆས་ཆུང་གྲས་ཀྱིས་མང་ཤོས་ལ་ཉིན་གཉིས་ལས་འགོར་གྱི་མེད། ལོ་ལྟར་སྟོན་ལས་ཚར་རྗེས་ཁོང་ཚོ་ནང་མི་ཚང་མ་རི་སྟེང་གི་ས་རྒྱ་ཆེ་ས་ཞིག་ཏུ་འཛོམས་ནས་གཟབ་སྤྲོས་སྤྲོས་པ་དང་སྦྲ་གུར་ཕུབ་ནས་ལོ་ལེགས་ཀྱི་སྤྲོ་སྣང་ལོངས་སུ་སྤྱོད་ཀྱི་ཡོད་པ་རེད།

    ངས་ས་གནས་དེ་གའི་ན་གཞོན་ལས་བྱེད་པ་དང་མཉམ་དུ་དུད་ཚང་གཞན་ཞིག་ཏུ་བཅར་འདྲིར་སྐྱོད་སྐབས་དུད་ཚང་དེའི་སྒོ་ར་ཆུ་བོ་དང་བར་ཐག་རིང་ཙམ་ཆོད་པའི་རི་ལྡེབས་ཤིག་འདུག ལོ་མང་གོང་གི་ཁང་པ་རྙིང་པ་དེ་སྔར་བཞིན་ཉམས་དོད་ལ་ཆུ་དང་གློག་ཤར་གཏོང་ཐུབ་པ་དང་དེ་སྔ་ཕྱུགས་ཟོག་འཇོག་སའི་ཤོད་ཁང་དེར་གཙང་སྦྲ་བྱས་ཏེ་འབྲུ་རིགས་དང་དངོས་ཟོག་ཙག་ཙིག་བཞག་འདུག སྟེང་ཁང་ནི་ཁོང་ཚོའི་ཚོམས་ཆེན་དང་གསུམ་ཐོག་ནི་ཉལ་ཁང་ཡིན་པ་དང་མཛེས་བཟོ་བྱས་རྗེས་ཀྱི་སྡོད་ཁང་དཀར་ཆ་དོད་པོ་འདུག ཕྲུ་གུ་ཚོས་སྒོ་རའི་ནང་གི་ས་གདན་སྟེང་དུ་རྩེད་མོ་རྩེ་བ་དང་སྐབས་རེ་ཡ་མཚན་དང་བཅས་ངེད་ཚོའི་མདུན་དུ་རྒྱུག་འོང་གི་འདུག སྒོ་རའི་གཞོགས་གཅིག་ཏུ་ཉི་གཡབ་ཆེན་པོ་ཞིག་བརྒྱབ་ནས་ཚོམས་ཆེན་ཆེ་བར་བརྩི་བ་དང་ཉི་གཡབ་ནང་དུ་འགྲོ་སྐབས་སྒེའུ་ཁུང་ཆེན་པོ་དེ་ལས་ཉི་འོད་ཡོངས་སུ་འཕྲོས་པས་དཀར་ཆ་ཧ་ཅང་དོད། ང་ཚོ་ཁ་གདན་སྟེང་བསྡད་དེ་ཁ་བརྡར་གློད་སྐབས་སྦྱིན་བདག་གིས་སེམས་རྩ་འཁོལ་པོས་ཇ་དང་ཟས་རིགས་བཏེགས་འོང་བ་མ་ཟད་བཙོས་མ་ཐག་པའི་རི་སྐྱེས་སྔོ་ཚལ་གྱི་ཅའོ་ཙེའི་སྣེ་ལེན་བྱས་བྱུང་།

    དཀར་ཆ་དོད་པའི་སྒེའུ་ཁུང་ནས་ཞིང་དེ་དག་ཉི་འོད་འོག་ཏུ་འབྲས་བུའི་ཁུར་གྱིས་རབ་ཏུ་དུད་པ་མཐོང་། གསེར་མདོག་ཅན་གྱི་འོད་ཟེར་དེའི་ཁྲོད་རང་ཉིད་ལའང་དྲོ་སོབ་སོབ་ཀྱི་ཚོར་སྣང་ཞིག་སྦྱིན་ཁར་སེམས་དབུས་སུ་རེ་བས་ཁེངས་ཤིང་། ཐག་རིང་གི་ཞིང་ཁ་གཞན་ཞིག་ཏུ་ཞོག་ཁོག་གི་ལོ་མ་སྣུམ་ཐིང་ངེར་སྐྱེས་འདུག

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།