དྲ་བའི་ཐད་གཏོང་ཁང་དུ་ཡོང་འབབ་གསོག་པར་བྲེལ།
—— ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་ཟླ་བ་སྒྲོལ་མའི་མི་རིགས་ལག་ཤེས་བཟོ་རྩལ་ཐད་གཏོང་ཁང་གི་སྐོར་བཀོད་པ།
དེང་གི་ཆར། དྲ་ཐོག་ནས་ཅ་དངོས་ཉོ་སྒྲུབ་བྱེད་རྒྱུ་ནི་མི་མང་པོའི་འཛད་སྤྱོད་བྱེད་སྟངས་གསར་པ་ཞིག་ཏུ་གྱུར་ཡོད། སྤྱི་ཚོགས་དཔལ་འབྱོར་བྱ་འཕུར་བ་ལྟར་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས། མི་མང་པོས་དྲ་བའི་ཐད་གཏོང་ཁང་བརྒྱུད་བོད་ཀྱི་ཁྱད་ལྡན་ཐོན་རྫས་མང་པོ་བཙོངས་དང་འཚོང་བཞིན་ཡོད་པར། འཛད་སྤྱོད་པ་མང་པོའི་དགའ་བསུ་ཆེན་པོ་འཐོབ་བཞིན་ཡོད་པས། དྲ་བའི་ཐད་གཏོང་ཁང་ནི་བོད་ཀྱི་ཁྱད་ལྡན་ཐོན་རྫས་འཚོང་སའི་ལས་སྟེགས་གལ་ཆེན་ཞིག་ཏུ་གྱུར་ཡོད། འདི་ནི་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་གི་དྲ་ཐོག་ཐད་གཏོང་བ་གནམ་མགོན་དབང་མོས་ཐད་གཏོང་སྔོན་གྱི་གྲ་སྒྲིག་ལས་ཀ་བྱེད་པ།
ཆ་འཕྲིན་ཅན་གྱི་དུས་རབས་སུ་སླེབས་པ་དང་བསྟུན་ནས་ད་ཆ་མི་མང་ཆེ་བའི་ངོས་ནས་བརྗོད་ན། དྲ་རྒྱའི་ཐད་གཏོང་ཁང་བརྒྱུད་ནས་ཡོང་འབབ་གསོག་རྒྱུ་ནི་དར་སྲོལ་ཞིག་ཏུ་གྱུར། ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་ཟླ་བ་སྒྲོལ་མའི་ཁྱུག་དབྱིངས་ཐད་གཏོང་ཁང་གིས་འཕྱོངས་རྒྱས་དང་ཐ་ན་ལྷོ་ཁའི་ཁྱད་ལྡན་ཐོན་རྫས་དེ་བས་མང་བ་འཛད་སྤྱོད་པར་ངོ་སྤྲོད་དང་ཕྱིར་ཚོང་བྱེད་བཞིན་ཡོད།
སྲོལ་རྒྱུན་གྱི་མི་རིགས་གྱོན་ཆས་དང་། ལག་ཤེས་བཟོ་ལས་ཀྱི་ཐོན་རྫས། རྩམ་པ་དང་མར། ཞྭ་མོ་དང་ལྷམ། ཕྱུ་པ། ཞོ་དང་ཤ་སྐམ་པོ་སོགས་འཕྱོངས་རྒྱས་རྫོང་གི་ས་གནས་ཁག་གི་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་ཐད་གཏོང་ཁང་དུ་གཅིག་སྡུད་བྱས་ཡོད། ཉེ་ཆར་གསར་འགོད་པ་ཟླ་བ་སྒྲོལ་མའི་མི་རིགས་ལག་ཤེས་བཟོ་རྩལ་ཐད་གཏོང་ཁང་དུ་བསྐྱོད་དེ། མི་རབས་བཞིས་རྒྱུན་འཛིན་བྱས་པའི་དྲ་ཐོག་ཚོང་དོན་གྱི་ཁེ་ལས་དེར་བཅར་འདྲི་བྱས་པ་ཡིན།
དགོང་མོའི་ཆུ་ཚོད་7དང་ཕྱེད་ཀ་ལ་ཟླ་བ་སྒྲོལ་མའི་ཁྱུག་དབྱིངས་ཐད་གཏོང་བྱེད་འགོ་ཚུགས་ཤིང་། ཐད་གཏོང་ཁང་གི་ལས་མི་གསུམ་གྱིས་མཉམ་ལས་ཁང་ནས་ཐོན་སྐྱེད་བྱས་པའི་སྲོལ་རྒྱུན་གྱི་མི་རིགས་གྱོན་ཆས་ལེགས་པར་གྱོན་ཏེ་བརྙན་ལམ་ནས་དྲ་གྲོགས་ལ་ཐོན་རྫས་འགྲེམས་སྟོན་དང་འོས་སྦྱོར་བྱེད་བཞིན་མཆིས།
“འདི་ནི་ང་ཚོས་བཟོས་པའི་བོད་བཟོའི་ཞྭ་མོ་རེད། ཞྭ་མོ་དེར་དུས་ཚིགས་བཞི་སོ་སོར་གྱོན་ཆོག་པའི་རིགས་གཉིས་ཡོད། ལག་འཚེམ་བརྒྱབ་པ་དང་རས་ཆ་སྤུས་ཀ་ལེགས་ལ་བདེ་པོ་ཡོད་པ་མ་ཟད། མིག་ལ་མཛེས་པས་འཕྱོངས་རྒྱས་ཀྱི་ཁྱད་ཆོས་ལྡན་ཡོད”
“འདི་ནི་ང་ཚོ་འཕྱོངས་རྒྱས་རྫོང་གི་ས་བབ་མཐོ་ཤོས་ཀྱི་ཤང་གྲོང་རྒྱལ་སྨན་ཤང་བཅིངས་འགྲོལ་གྲོང་ཚོའི་མཉམ་ལས་ཁང་གིས་ཐོན་སྐྱེད་བྱས་པའི་རོ་བཅུད་ལྡན་པའི་ཞོ་རེད། ཞོ་འདི་བྲོ་བ་ཞིམ་ལ་རོ་བཅུད་ལྡན། སྦྱོར་རྟ་གང་ཡང་བྱས་མེད། འོན་ཀྱང་ཉར་ཚགས་དུས་ཡུན་ཉིན་བདུན་ལས་མེད་པས། ཐག་རིང་གྲོགས་པོར་བསྐུར་བདེ་པོ་མེད”
“འདི་ནི་ང་ཚོ་འཕྱོངས་རྒྱས་ནས་ཐོན་པའི་ཆུ་འཐག་རྩམ་པ་རེད། ས་བབ་མཐོ་ཚད་སྨི་3700ཡན་དུ་བཏབ་པའི་ནས་རྒྱུ་ཆར་བྱས་པས། སྦགས་བཙོག་མེད་ལ་སྤུས་ཀ་ལེགས་པ་དང་གོང་ཡང་ཁེ་པོ་ཡོད། ཚང་མས་བྲོ་བ་གཟིགས་དང”
ཐད་གཏོང་ཁང་ནས་དྲ་གྲོགས་ཚོར་ཐོན་རྫས་ཀྱི་ཁྱད་ཆོས་དང་ས་གནས་ཀྱི་མི་ཆོས་རིག་གནས་ངོ་སྤྲོད་བྱེད་པ་དང་། དྲ་གྲོགས་ཁ་ཤས་ཀྱིས་འཕྱོངས་རྒྱས་རྫོང་ཟླ་བ་སྒྲོལ་མ་མཉམ་ལས་ཁང་གིས་བཟོས་པའི་བོད་ཆས་ཡག་པོ་འདུག་ཅེས་བཤད་དེ་འཚང་ག་ཤིག་ཤིག་ངང་མངགས་ཉོ་བྱེད་བཞིན་འདུག
ཟླ་བ་སྒྲོལ་མའི་ཁེ་ལས་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་སྤྱི་གཉེར་བ་ཀརྨ་ལྷན་འཛོམས་ཀྱིས་གསར་འགོད་པར། ཟླ་བ་སྒྲོལ་མའི་མཉམ་ལས་ཁང་ནི་2021ལོའི་གོང་མཉམ་ལས་ཁང་གི་གཉེར་སྐྱོང་རྣམ་པ་ཞིག་ཡིན། ལོ་རེར་བྲིན་ཚོང་ཡོང་འབབ་སྒོར་ཁྲི་100ལྷག་ཙམ་དང་ཁེ་གཙང་སྒོར་ཁྲི་བཅུ་ལྷག་ཙམ་ཡོད། 2021ལོར་མཉམ་ལས་ཁང་ཁེ་ལས་ཚད་ཡོད་ཀུང་སིར་བསྒྱུར་བ་དང་འབྲེལ་དྲ་ཐོག་ཚོང་དོན་བརྒྱུད་ལས་སྒོ་རྒྱ་ཆེར་བཏང་ཡོད། ཁྱུག་དབྱིངས་ཐད་གཏོང་ཁང་བཙུགས་ནས་དུས་ཡུན་རིང་པོ་སོང་མེད་པས། འཕེལ་རྒྱས་འགྲོ་བཞིན་པའི་དུས་མཚམས་ཡིན་མོད། འོན་ཀྱང་། མིག་སྔར་ཧྥེན་སི་མི་ཉུང་བ་ཞིག་ཡོད་ལ། གཉེར་སྐྱོང་གི་ཡོང་འབབ་ཀྱང་སྒོར་ཁྲི་10ལས་བརྒལ་ཡོད། ལྷག་པར་དུ་ད་ཆ་ཁྲོམ་རའི་ཁོར་ཡུག་སྔར་བས་ལེགས་སུ་ཕྱིན་པར་བརྟེན་ང་ཚོར་ལས་སྒོ་རྒྱ་ཆེར་གཏོང་བའི་སེམས་ཤུགས་ཡོད་ཅེས་བརྗོད།
ཤེས་རྟོགས་བྱུང་བར་གཞིགས་ན། ཀུང་སི་དེར་ད་ཆ་ལས་བཟོ་36ཡོད་པ་དང་། ས་གནས་དེ་གའི་མང་ཚོགས་24ལས་ཞུགས་ཐུབ་པར་མ་ཟད། དབང་པོ་སྐྱོན་ཅན་6ལ་ལས་ཀ་སྤྲད་ཡོད། གཙོ་བོ་ས་གནས་དེ་གའི་ལས་ཞུགས་ཐུབ་མེད་པའི་སློབ་ཆེན་སློབ་མ་བསྡུས་ནས་གཙོ་གཉེར་བར་གསོ་སྦྱོང་བྱས་ཡོད། གསར་འགོད་པ་དང་ཐད་གཏོང་བ་གླེང་མོལ་བྱེད་སྐབས་ཁོང་ཚོ་ཀུང་སིའི་ཐད་གཏོང་གི་ལས་ཀ་བྱེད་བཞིན་ཡོད་པར། ཡོང་འབབ་གཙོ་བོ་ནི་གླ་ཆ་དང་ལས་རྗེས་ལ་གཞིགས་པའི་རྔན་པ་གཉིས་ནས་ཡོང་གི་ཡོད་པ་ཤེས་རྟོགས་བྱུང་། ཐད་གཏོང་བ་ཚོས་ཐད་གཏོང་ཟོག་ཚོང་གི་ཤེས་བྱ་སྦྱོང་དགོས་ལ། ཚོང་ཟོག་གི་ཁྱད་ཆོས་དང་སྤྱོད་གོ་ཡང་ཤེས་རྟོགས་ཞིབ་ཕྲ་བྱེད་དགོས་པ་མ་ཟད། ད་དུང་འཕྱོངས་རྒྱས་ཀྱི་ལོ་རྒྱུས་རིག་གནས་དང་ཡུལ་སྐོར་ཐོན་ལས་ལ་རྒྱུས་མངའ་ཆེན་པོ་དགོས་ཀྱི་ཡོད།
ཀུང་སིའི་ལས་མི་ཀརྨ་ལྷན་འཛོམས་ཀྱིས། ཐད་གཏོང་ཁང་ནས་ཚོང་ཟོག་ངོ་སྤྲོད་བྱེད་པ་ཕུད། རྒྱུན་དུ་ད་དུང་དྲ་གྲོགས་དང་སྤེལ་རེས་ཐུབ་པ་དང་ས་གནས་ཀྱི་ཡུལ་སྲོལ་གོམས་གཤིས་ཀྱང་ངོ་སྤྲོད་བྱེད་ཐུབ་པས། ལས་ཀ་དེ་ནི་དོན་སྙིང་ཆེ་བའི་ལས་ཀ་ཞིག་རེད་ཅེས་བརྗོད།
སླད་ཕྱིན་གྱི་འཕེལ་རྒྱས་འཆར་འགོད་སྐོར་གླེང་སྐབས་ཀརྨ་ལྷན་འཛོམས་ཀྱིས་གདེང་ཚོད་ཆེན་པོས། ཐད་གཏོང་ཁང་ནས་དངོས་ཟོག་ངོ་སྤྲོད་བྱེད་པ་ནི་ཐོག་མའི་དམིགས་ཡུལ་ཙམ་ཡིན། ང་ཚོའི་ཕུགས་ཀྱི་འཆར་གཞི་ནི་ལས་སྟེགས་དེ་བརྒྱུད་འཕྱོངས་རྒྱས་རྫོང་གི་མངོན་མིན་རིག་གནས་ཤུལ་བཞག་ཐོན་རྫས་དང་། རིག་གནས་ཡུལ་སྐོར། ཁྱད་ལྡན་ཞིང་ཞོར་ཐོན་རྫས། སྲོལ་རྒྱུན་གྱོན་ཆས་སོགས་དྲིལ་བསྒྲགས་བྱས་ནས་མི་མང་པོས་འཕྱོངས་རྒྱས་ལ་རྒྱུས་ལོན་ཐུབ་པ་བྱ་རྒྱུ་དེ་ཡིན་ཞེས་བརྗོད།