དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རྒྱ་ཚ་རྫོང་གིས་སྟར་ཀར་བརྟེན་ནས་འབབ་འཕར་ཕྱུག་འགྱུར་གྱི་ལམ་བུ་བཏོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-09-20

    ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་ར་ཀོ་གྲོང་ཚོར་སྐྱོད་སྐབས། གང་སར་སྟར་སྡོང་མཐོང་རྒྱུ་ཡོད། རྒྱ་ཚ་རྫོང་གི་སྟར་ཀ་འདེབས་འཛུགས་ལ་ལོ་རྒྱུས་ཡུན་རིང་ལྡན་ཞིང་། དེ་ནི་ས་གནས་དེ་གའི་སྲོལ་རྒྱུན་གྱི་ཁྱད་ལྡན་ཐོན་རྫས་ཀྱི་གྲས་ཤིག་ཡིན་པ་དང་། ར་ཀོ་གྲོང་ཚོ་ཁོ་ནར་སྟར་སྡོང་1000ལྷག་ཙམ་ཡོད། ར་ཀོ་གྲོང་ཚོའི་གྲོང་ཚོར་བཅའ་སྡོད་འབྲེལ་ཡོད་འགན་འཁུར་བས་གསར་འགོད་པར། སྟར་སྡོང་འདེབས་འཛུགས་དང་བྲིན་ཚོང་བྱེད་པ་དེ་ར་ཀོ་གྲོང་ཚོའི་གྲོང་མིའི་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་གལ་ཆེན་ཞིག་ཏུ་གྱུར་ཡོད་ཅེས་ངོ་སྤྲོད་བྱས། ར་ཀོ་གྲོང་ཚོའི་འགོ་ཁྲིད་ཟླ་བས་གསར་འགོད་པར། རང་ཉིད་ཀྱི་ཁྱིམ་དུ་སྟར་སྡོང་ལྔ་ཡོད་པ་དང་ལོ་གཅིག་ལ་སྟར་ཀ་རྒྱ་མ་1000ལྷག་ཙམ་ཐོན་གྱི་ཡོད། ལོ་རེའི་ཟླ་བ་དགུ་པ་དང་བཅུ་པའི་ནང་ལྷོ་ཁའི་ཚོང་འདུས་ལ་འཚོང་གི་ཡོད་པས་ཡོང་འབབ་སྒོར་ཁྲི་གཉིས་གསུམ་ཙམ་ཡོད་ཅེས་བརྗོད་པ་དང་། ཁོང་གིས་ཞིང་ཁའི་ནང་གི་མཐོ་ཞིང་ཆེ་བའི་སྟར་སྡོང་ཞིག་ལ་མཛུབ་མོ་བཙུགས་ནས། གྲོང་ཚོའི་ནང་གི་སྟར་སྡོང་ཚང་མར་མིང་རེ་རེ་ཡོད། ང་ཚོས་སྟར་སྡོང་དེར་རྩམ་པ་ལྷ་མོ་ཞེས་འབོད་ཀྱི་ཡོད། གང་ལགས་ཤེ་ན། དེ་ལས་སྐྱེས་པའི་སྟར་ཀའི་བྲོ་བ་རྩམ་པ་དང་འདྲ་པོ་ཡོད་ཅེས་བརྗོད།

    རྩམ་པ་ལྷ་མོ་ནི་ར་ཀོ་གྲོང་ཚོའི་ཡུལ་མི་ཉི་མ་ཚང་གི་སྟར་སྡོང་ཡིན་པ་དང་ལོ་ལྟར་ཐོན་འབབ་རྒྱ་མ་2000ལྷག་ཙམ་ཡོད་པས། ཐོན་འབབ་དེ་རྒྱ་ཚ་རྫོང་ཧྲིལ་པོར་སྐད་གྲགས་ཡོད། རྩམ་པ་ལྷ་མོ་ཞེས་པའི་སྟར་སྡོང་ཁོ་ན་ནས་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་6ལྷག་ཙམ་ཟིན་གྱི་ཡོད།

    སྟར་ཀ་ནི་རང་བྱུང་ཁམས་ཀྱིས་རྒྱ་ཚའི་མི་དམངས་ལ་སྦྱིན་པའི་མཆོག་ནོར་ཞིག་རེད། ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་ནི་མཚོ་བོད་ས་མཐོའི་ལྷོ་རྒྱུད་དང་ཡར་ཀླུང་གཙང་པོའི་བར་རྒྱུད་དུ་གནས་པ་དང་། ལོ་ཧྲིལ་པོར་ཉི་འོད་ཕོག་ཚད་འདང་ངེས་ཡོད་པ་དང་། ཆར་ཆུ་འབེལ་བ། གནམ་གཤིས་དྲོ་བ། ཁོར་ཡུག་བཟང་བ་བཅས་ཀྱི་དགེ་མཚན་ལྡན་པས། སྟར་ཀའི་འདེབས་འཛུགས་ལ་དམིགས་བསལ་གྱི་ལེགས་ཆ་ལྡན་ཡོད། རྒྱ་ཚ་རྫོང་ཡོངས་སུ་སྟར་སྡོང་ཁྱོན་ཁྲི་54ལྷག་ཙམ་ཡོད་པ་དང་། ལོ་བརྒྱ་ཡན་གྱི་སྟར་ཀའི་སྡོང་རྒན་3000ལྷག་ཙམ་ཡོད་པས་བོད་དུ་སྐད་གྲགས་ཆོད་པའི་ལོ་ངོ་སྟོང་གི་སྟར་ཀའི་འབྱུང་གནས་སུ་གྱུར་ཡོད།

    ཉེ་བའི་ལོ་ཤས་རིང་། ཁྲོམ་རའི་དགོས་མཁོ་ཇེ་ཆེར་ཕྱིན་པ་དང་བསྟུན་ནས། རྒྱ་ཚ་རྫོང་གི་སྟར་ཀའི་ཐོན་ལས་འཕེལ་རྒྱས་མྱུར་པོ་ཕྱིན་ཡོད། ས་གནས་དེ་གའི་སྲིད་གཞུང་གིས་ལག་རྩལ་གསོ་སྦྱོང་དང་མ་དངུལ་རོགས་སྐྱོར་སོགས་ཀྱི་བྱེད་ཐབས་སྣ་ཚོགས་བརྒྱུད། ཞིང་པར་སྟར་ཀའི་སྤུས་ཚད་ཡག་ཏུ་དང་ཐོན་འབབ་མང་དུ་གཏོང་རོགས་བྱས་པ་དང་ཆབས་ཅིག སྐྱེ་ཁམས་འཛུགས་སྐྱོང་ཡང་བྱས་ཏེ་རི་ལྡེབས་དང་། ཐང་རྒོད། ནགས་ཁྲོད་ཀྱི་ས་སྟོང་སོགས་སུ་སྟར་སྡོང་བཏབ་ནས། དཔལ་འབྱོར་འཕེལ་རྒྱས་དང་ཁོར་ཡུག་སྲུང་སྐྱོང་གི“གཉིས་ཕན”གྱི་ལམ་བུར་བསྐྱོད་དང་སྐྱོད་བཞིན་ཡོད་པས། སྟར་ཀའི་ཐོན་ལས་དེ་རིམ་བཞིན་རྒྱ་ཚ་རྫོང་གི་སྐྱེ་ཁམས་དམངས་ཕྱུག་གི་མཛེས་ལྗོངས་ཤིག་ཏུ་གྱུར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།