“ཀྲུང་གོ་དང་སྤུས་ཚད་མཐོ་བའི་མཉམ་ལས་དེ་བས་མང་པོ་བྱེད་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད”
—— ཝུ་ཀན་ཏའི་ཙུང་ཐུང་གཞོན་པ་ཨ་ལུའུ་པོར་བཅར་འདྲི་ཞུས་པ།
“ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་དེ་ཉིད་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དང་ཀྲུང་གོའི་དབར་མཉམ་སྡེབ་གླེང་མོལ་བྱེད་པའི་ལས་སྟེགས་གལ་ཆེན་ལ་གྱུར་ཡོད”ཅེས་ཝུའུ་ཀན་ཏའི་ཙུང་ཐུང་གཞོན་པ་ཨ་ལུའུ་པོས་ཉེ་ཆར་འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་དེ་ལྟར་བརྗོད་པ་དང་། ཁོང་གིས“2024ལོའི་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ཀྱིས་དུས་རབས་གསར་པའི་ཧྥེ་ཀྲུང་འབྲེལ་བ་འཕེལ་རྒྱས་འགྲོ་བར་འཆར་གཞི་གསར་པ་བཀོད་ཡོད། ད་ཐེངས་ཀྱི་དབུ་ཚོགས་བརྒྱུད་ང་ཚོས་ཀྲུང་གོ་དང་ཁྱབ་ཁོངས་ཁག་གི་མཉམ་ལས་སྔར་བས་བྱེད་ཟབ་ཏུ་གཏོང་རྒྱུ་ཡིན”ཞེས་བརྗོད།
ཨ་ལུའུ་པོས། 1962ལོར་ཕྱི་འབྲེལ་བཙུགས་ཚུན། ཝུའུ་ཀན་ཏ་དང་ཀྲུང་གོའི་འབྲེལ་བ་ཉིན་བཞིན་ཟབ་ཏུ་ཕྱིན་ནས་རྒྱལ་ཁབ་གཉིས་པོའི་མཉམ་ལས་ཀྱི་གཏིང་ཟབ་ཚད་དང་རྒྱ་ཆེ་ཚད་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། “ཝུའུ་ཀན་ཏ་དང་ཀྲུང་གོའི་ཚོང་དོན་རྒྱུན་མཐུད་མགྱོགས་མྱུར་འཕར་ནས་ཕྱོགས་གཉིས་པོའི་ཚོང་དོན་དངུལ་འབོར་ལོ་10ཡི་གོང་གི་ཨ་སྒོར་དུང་ཕྱུར་6ཙམ་ནས་2023ལོའི་ཨ་སྒོར་དུང་ཕྱུར་13ལྷག་ཙམ་བར་འཕར་ཡོད། ཀྲུང་གོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་རྒྱུན་མཐུད་སྐུལ་འདེད་བཏང་བ་དང་བསྟུན། ང་ཚོས་ཀྲུང་གོར་ཚོང་ཟོག་དང་ཞབས་ཞུ་ཕྱིར་གཏོང་བྱེད་རྒྱ་ཆེ་རུ་གཏོང་རྩིས་ཡོད”ཅེས་བརྗོད།
“ཀྲུང་གོ་ནི་ཝུའུ་ཀན་ཏའི་ཕྱི་རྒྱལ་གྱི་ཐད་ཀའི་མ་འཇོག་ཡོང་ཁུངས་རྒྱལ་ཁབ་ཆེ་ཤོས་ཡིན། ཝུའུ་ཀན་ཏ་མ་འཇོག་ཅུས་ཀྱིས་ཀྲུང་གོ་འདི་ཉིད་མ་འཇོག་ལ་སྐུལ་འདེད་གཏོང་བའི“སྔོན་འཇོག་རྒྱལ་ཁབ”ཀྱི་གྲས་སུ་བཅུག་ཡོད། ཀྲུང་གོའི་ཁེ་ལས་ཀྱིས་ཝུའུ་ཀན་ཏར་མ་དངུལ་བཏང་ནས་བཟོ་གྲྭ་བཙུགས་པ་དེས་ཝུའུ་ཀན་ཏའི་བཟོ་ལས་ཐོན་སྐྱེད་ཀྱི་ཆུ་ཚད་མཐོ་རུ་ཕྱིན་ཡོད་ལ། ཞབས་ཞུའི་ལས་རིགས་འཕེལ་རྒྱས་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་ཁྲིད་ཀྱང་ཐུབ་ཡོད”ཅེས་རྒྱལ་ཁབ་གཉིས་པོའི་དངོས་སྒྲུབ་མཉམ་ལས་ཀྱི་རྣམ་གྲངས་སྐོར་གླེང་སྐབས་ཨ་ལུའུ་པོས་དེ་ལྟར་བརྗོད་པ་དང་། ཁོང་གིས། ཝུའུ་ཀན་ཏར་ཀྲུང་གོའི་མ་འཇོག་ཁེ་ལས་200ཙམ་ཡོད། ཀྲུང་གོའི་ཁེ་ལས་ཀྱིས་མ་དངུལ་བཏང་ནས་བསྐྲུན་པའི་ཁ་ལུའུ་མཱ་དང་དབྱི་ཤིན་པཱ་ཆུ་ཤུགས་གློག་ཁང་གཉིས་ཀྱིས་ཝུའུ་ཀན་ཏའི་ཉིན་རེ་བཞིན་ཆེ་རུ་འགྲོ་བའི་ནུས་རྒྱུའི་དགོས་མཁོ་སྐོང་བར་ཕན་པ་ཐོབ་ཡོད། ཀྲུང་གོའི་ཁེ་ལས་ཀྱིས་ཨེན་ཏེ་ཕེ་རྒྱལ་སྤྱིའི་གནམ་ཐང་རིམ་སྤོར་རྒྱས་སྐྲུན་བྱེད་རོགས་བྱས་པས་གནམ་ཐང་གི་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་ལོ་ལྟར་མི་ཐེངས་ཁྲི་130ནས་མི་ཐེངས་ཁྲི་300བར་མང་དུ་ཕྱིན་པ་དང་ཟོག་འདྲེན་བྱེད་ནུས་ཏུན་ཁྲི་10ཡན་བར་འཕར་ཡོད། ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་ཁུར་བའི་ཝུའུ་ཀན་ཏའི་རྒྱལ་ས་ཁན་ཕ་ལ་ནས་ཨེན་ཏེ་ཕེ་བར་གྱི་རྒྱལ་སྤྱིའི་གནམ་ཐང་གི་མྱུར་བགྲོད་གཞུང་ལམ་གྱིས་ཁན་ཕ་ལ་གྲོང་ཁུལ་ནས་གནམ་ཐང་བར་གྱི་འགྲོ་སྐྱོད་དུས་ཚོད་ཆེས་ཆེར་ཐུང་དུ་ཕྱིན་ཡོད། “རྨང་གཞིའི་སྒྲིག་བཀོད་འདི་དག་བསྐྲུན་པ་བརྒྱུད་ལས་ཞུགས་གཏོད་པ་དང་དཔལ་འབྱོར་འཕར་བར་སྐུལ་འདེད་ཐུབ་ཡོད”ཅེས་བརྗོད།
“ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་འདུ་ཤེས་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་བཅས་ལ་ཝུའུ་ཀན་ཏ་ཡིས་བསྔགས་བརྗོད་དང་རྒྱབ་སྐྱོར་ཆེན་པོ་བྱེད་ཀྱི་ཡོད། ང་ཚོས་ཀྲུང་གོ་དང་སྤུས་ཚད་མཐོ་བའི་མཉམ་ལས་དེ་བས་མང་པོ་བྱས་ནས་མི་དམངས་ཀྱི་བདེ་རྩ་ཆེ་རུ་གཏོང་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད”ཅེས་ཨ་ལུའུ་པོས་བརྗོད་པ་དང་། ཁོང་གིས“འདི་ལོ་ཝུའུ་ཀན་ཏ་ཡིས་མནའ་འབྲེལ་དུ་མི་ཞུགས་པའི་ལས་འགུལ་དང་རྒྱལ་ཁབ་77ཚོགས་པའི་རེས་འཁོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་བཞིན་ཡོད། དེང་སྐབས་གོ་ལ་ཧྲིལ་པོར་འགྲན་སློང་མང་པོ་འཕྲད་པའི་རྒྱབ་ལྗོངས་འོག་ཝུའུ་ཀན་ཏ་དང་ཀྲུང་གོས་རྒྱལ་སྤྱིའི་གནད་དོན་ཐད་ལངས་ཕྱོགས་འདྲ་མཚུངས་བཟུང་ཡོད། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་རྒྱལ་ཁབ་ཡིན་པའི་ངོས་ནས། ང་ཚོས་རྒྱལ་ཁབ་ཡོངས་ཀྱིས་འདྲ་མཉམ་གྱི་ལྟ་ཚུལ་འཛིན་པར་རྒྱབ་སྐྱོར་བྱེད་པ་དང་། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དར་སྤེལ་བཏང་ནས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་དེ་བས་དྲང་གཞག་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུར་གཞོལ་བཞིན་ཡོད། དམིགས་ཚད་འདི་དག་མངོན་འགྱུར་ཡོང་ཆེད་ཝུའུ་ཀན་ཏ་ཡིས་ཀྲུང་གོ་དང་སྔར་བས་མཉམ་ལས་བྱེད་ཟབ་ཏུ་གཏོང་རྒྱུ་ཡིན”ཞེས་བརྗོད་པ་རེད།