དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • མི་དམངས་ཀྱི་མཛའ་གྲོགས་ཟབ་ཏུ་བཏང་ནས་མཉམ་ལས་ཀྱི་ལེའུ་གསར་པ་རྩོམ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཀྲའོ་ཝུའེ་ཕིང་།   |     སྤེལ་དུས།  2024-09-20

    ཀྲུང་ན་རྒྱལ་ཁབ་གཉིས་བར་ཐག་ལེ་དབར་སྟོང་གིས་ཆོད་ཀྱང་། ལོ་རྒྱུས་ཀྱི་འབྲེལ་བ་ཧ་ཅང་ཟབ་མོ་ཡོད། དུས་རབས་གོང་མའི་ལོ་རབས་དྲུག་ཅུ་པ་དང་བདུན་ཅུ་པར་ན་སྨི་པི་ཡའི་མི་རིགས་རང་བཙན་བརྩོན་ལེན་བྱེད་པའི་འཐབ་རྩོད་ལ་ཀྲུང་གོས་རྒྱབ་སྐྱོར་ཆེན་པོ་བྱས་ཡོད། 1990ལོའི་ཟླ་3ཚེས་22ཉིན་ན་སྨི་པི་ཡར་རང་བཙན་ཐོབ་རྗེས་ཀྱི་ཉིན་གཉིས་པར་ཀྲུང་གོ་དང་ཕྱི་འབྲེལ་བཙུགས་ཤིང་། ཀྲུང་ན་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ཚུན་རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་ཕྱོགས་གཉིས་པོས་ཐོག་མཐའ་བར་གསུམ་དུ་དཀའ་སྡུག་མཉམ་མྱོང་དང་ལག་གདང་མཉམ་སྦྲེལ་གྱིས་མདུན་དུ་བསྐྱོད་ཡོད། ཉེ་བའི་ལོ་ཤས་རིང་རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་འཐབ་ཇུས་ཁྲིད་སྟོན་འོག་ཀྲུང་ནའི་འབྲེལ་བ་དང་ཁྱབ་ཁོངས་ཁག་གི་མཉམ་ལས་སྐས་རིམ་གསར་པར་སླེབས་ཡོད། 2018ལོར་རྒྱལ་ཁབ་གཉིས་པོས་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་བཙུགས་པ་དང་འབྲེལ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་མཉམ་ལས་ཀྱི་བསམ་ཤེས་དྲན་ཐོར་མིང་རྟགས་བཀོད་ཡོད། རྒྱལ་ཁབ་གཉིས་པོར་ཐོབ་པའི་གཡུར་ཟའི་མཉམ་ལས་གྲུབ་འབྲས་ནི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལག་གདང་སྦྲེལ་ནས་ཡར་ཐོན་བྱུང་བའི་མཚོན་ཚུལ་དངོས་ཤིག་རེད་ལ། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཆུ་ཚད་མཐོ་བའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་བཏང་བའི་གསོན་ཉམས་དོད་པའི་ལག་ལེན་ཞིག་ཀྱང་རེད།

    ཀྲུང་གོ་ནི་ན་སྨི་པི་ཡའི་མ་འཇོག་ཡོང་ཁུངས་རྒྱལ་ཁབ་གཙོ་བོ་དང་ཚོང་དོན་རོགས་ཟླ་ཡིན་ཞིང་། ན་སྨི་པི་ཡར་མ་འཇོག་བྱེད་ཚད་ཀྱིས་རྒྱལ་ཁབ་དེས་ཕྱི་རྒྱལ་གྱི་མ་དངུལ་བསྡུ་ལེན་བྱས་པའི་བསྡོམས་འབོར་གྱི་30%ཙམ་བཟུང་ཡོད་པ་དང་། 2023ལོར་ཕྱོགས་གཉིས་པོའི་ཚོང་དོན་དངུལ་འབོར་ཨ་སྒོར་དུང་ཕྱུར་13ལྷག་ཙམ་ཟིན་ཡོད། ཀྲུང་གོའི་ཁེ་ལས་ཀྱིས་ས་གནས་དེ་གར་རྣམ་གྲངས་རབ་དང་རིམ་པ་ལག་བསྟར་བྱས་ནས་ན་སྨི་པི་ཡའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་ཡོད། ན་སྨི་པི་ཡར་རོགས་སྐྱོར་བྱེད་མཁན་ཀྲུང་གོའི་སྨན་བཅོས་རུ་ཁག་གིས་ལོ་ལྟར་ས་གནས་དེ་གའི་དམངས་ཚོགས་ཁྲི་ཙམ་ལ་སྨན་བཅོས་ཀྱི་ཞབས་འདེགས་ཞུ་ཡི་ཡོད་པ་དང་། ན་སྨི་པི་ཡའི་གཞོན་ནུ་དེ་བས་མང་པོ་ཁུང་ཙི་སློབ་གླིང་དུ་རྒྱ་ཡིག་སྦྱོང་བར་ཡོང་གི་ཡོད་པ། ན་སྨི་པི་ཡའི་ཕུལ་བྱུང་སློབ་མ་མང་པོ་ཀྲུང་གོར་སློབ་སྦྱོང་བྱེད་པར་ཡོང་བ་དང་གསོ་སྦྱོང་ནང་ཞུགས་པ་སོགས་ཀྱི་དབང་གིས་ཀྲུང་གོ་དང་ན་སྨི་པི་ཡའི་དམངས་ཁྲོད་ཀྱི་མཛའ་གྲོགས་རྒྱུན་མཐུད་ཟབ་ཏུ་ཕྱིན་ཡོད།

    ན་སྨི་པི་ཡའི་ཆབ་སྲིད་ཀྱི་གནས་བབ་བརྟན་པ་དང་། ཁྲིམས་ལུགས་འཐུས་སྒོ་ཚང་བ། རྨང་གཞིའི་སྒྲིག་བཀོད་ལེགས་པ་བཅས་ཡོད་པས་འཕེལ་རྒྱས་ཀྱི་མངོན་མེད་སྟོབས་ཤུགས་ཆེན་པོ་ལྡན་ཡོད། མིག་སྔར་ཀྲུང་གོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད་པ་དང་ན་སྨི་པི་ཡས་བཟོ་ལས་ཅན་གྱི་འཕེལ་རིམ་མགྱོགས་སུ་གཏོང་བཞིན་ཡོད། ཀྲུང་ན་ཕྱོགས་གཉིས་པོས་སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བཞིན་པའི་ལོ་རྒྱུས་རང་བཞིན་གྱི་གོ་སྐབས་དམ་འཛིན་ཡག་པོ་བྱས་ཏེ། སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པ་དེ་ན་སྨི་པི་ཡའི་རྒྱལ་ཁབ་འཕེལ་རྒྱས་ཀྱི་2030ལོའི་རེ་འདོད་འཆར་འགོད་དང“མཐུན་སྒྲིལ་དར་རྒྱས་འཆར་གཞིའི”འཐབ་ཇུས་དང་སྦྲེལ་མཐུད་གཏིང་ཟབ་བྱེད་པ་དང་། གཙོ་བདག་གི་ཕྱི་འབྲེལ་ཁྲིད་སྟོན་མཐའ་འཁྱོངས་ཀྱིས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་སྔར་བས་ཟབ་ཏུ་གཏོང་བ། མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གཏིང་ཟབ་བྱེད་པ། མཉམ་ལས་ཀྱི་ཁྱབ་ཁོངས་རྒྱ་སྐྱེད་བྱེད་པ། མཉམ་ལས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་ཀྲུང་ནའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཟམ་མི་ཆད་པར་ཟབ་ཏུ་འགྲོ་བར་སྐུལ་འདེད་གཏོང་དགོས།

    (རྩོམ་པ་པོ་ན་སྨི་པི་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཡིན)

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།