ཧྲེན་དབྱང་གི“དགུ་པའི་བཅོ་བརྒྱད”ཀྱི་ལོ་རྒྱུས་རྟེན་མཛོད་ཁང་ལ་རིག་དངོས་རྩ་ཆེན་གྱི་ལོ་རྒྱུས་དཔྱད་ཡིག་ཁག་14ཞལ་འདེབས་རག་པ།
ཤིན་ཧྭ་གསར་འགྱུར་ཁང་ཧྲེན་དབྱང་ནས་ཟླ་9ཚེས་18ཉིན་གློག་འཕྲིན་འབྱོར་གསལ། དགུ་པའི་བཅོ་བརྒྱད་ཀྱི་དུས་འགྱུར་ལངས་ནས་ལོ་93འཁོར་བའི་མཚམས་སུ་ཧྲེན་དབྱང་གི“དགུ་པའི་བཅོ་བརྒྱད”ཀྱི་ལོ་རྒྱུས་རྟེན་མཛོད་ཁང་ལ་ཧྲེན་དབྱང་གི་དམངས་ཁྲོད་ཉར་ཚགས་པ་ཀྲན་ཧུང་ཀོ་ཡིས་ཞལ་འདེབས་བརྒྱབ་པའི་རིག་དངོས་རྩ་ཆེན་གྱི་ལོ་རྒྱུས་དཔྱད་ཡིག་ཁག་14རག་ཡོད་པ་རེད།
ཀྲན་ཧུང་ཀོ་ཡིས་ལོ་མང་རིང་རི་འགོག་དམག་འཁྲུག་སྐབས་ཀྱི་རིག་དངོས་ལོ་རྒྱུས་དཔྱད་ཡིག་ཉར་ཚགས་དང་ཞིབ་འཇུག་གི་ལས་ལ་གཞོལ་བ་དང་། ད་ཐེངས་ཁོང་གིས་ཞལ་འདེབས་བརྒྱབ་པའི་ལོ་རྒྱུས་དཔྱད་ཡིག་དེ་དག་ནི་1932ལོ་ནས་1942ལོའི་བར་རི་པིན་གྱིས་དཔེ་སྐྲུན་བྱས་པའི་རི་པིན་དམག་རྒྱལ་རིང་ལུགས་ཀྱིས་དགུ་པའི་བཅོ་བརྒྱད་ཀྱི་དུས་འགྱུར་བསླངས་པ་དང་། དྲག་ཤུགས་ཀྱིས་ཀྲུང་གོའི་བྱང་ཤར་བཙན་བཟུང་བྱས་པ། མན་ཇུ་རྒྱལ་ཁབ་རྫུན་མའི་གཞན་བཀོལ་སྲིད་དབང་བཙུགས་ནས་པེ་ཅིང་དང་། ནན་ཅིང་། ཝུའུ་ཧན། ཁྲུང་ཆིང་སོགས་ལ་བཙན་འཛུལ་བྱས་པའི་སྐོར་གྱི་དྲིལ་བསྒྲགས་ཡིག་རིས་ཡིན་པ་རེད།
དེ་ཐོག་འཁོད་པའི་པར་རིས་མང་ཆེ་བ་ནི། སྐབས་དེ་དུས་དམག་དཔུང་དང་མཉམ་དུ་སྐྱོད་མཁན་རི་པིན་གྱི་གསར་འགོད་པའམ་ཡང་ན་གསར་འགྱུར་སྨྱན་སྦྱོར་གྱི་གསར་འགོད་པ་དག་གཡུལ་ས་མདུན་མ་དང་རི་པིན་གྱིས་བཙན་བཟུང་ས་ཆར་བསྐྱོད་དེ་པར་བརྒྱབ་ཅིང་ས་ཁུལ་ཁག་གི་དམག་འཐབ་གནས་ཚུལ་འཛེམ་བག་མེད་པར་དྲིལ་བསྒྲགས་བྱས་པའི་སྐོར་རེད།
ཧྲེན་དབྱང་གི“དགུ་པའི་བཅོ་བརྒྱད”ཀྱི་ལོ་རྒྱུས་རྟེན་མཛོད་ཁང་གི་ཀོན་ཀྲང་ཧྥན་ལི་ཧུང་གིས། རིག་དངོས་ཀྱི་ལོ་རྒྱུས་དཔྱད་ཡིག་འདི་དག་རི་པིན་གྱིས་ཀྲུང་གོར་བཙན་འཛུལ་དམག་འཁྲུག་བསླངས་པའི་བསྙོན་མེད་ཀྱི་དཔང་རྟགས་ཁུངས་བཙན་ཞིག་རེད་ལ། རི་པིན་གྱིས་ཀྲུང་གོར་བཙན་འཛུལ་བྱས་པའི་ལོ་རྒྱུས་ཡིག་ཆའི་མེད་དུ་མི་རུང་བའི་གྲུབ་ཆ་གལ་ཆེན་ཞིག་ཀྱང་རེད། འདིས་རི་པིན་གྱིས་སྔ་རྗེས་སུ་དགུ་པའི་བཅོ་བརྒྱད་ཀྱི་དུས་འགྱུར་དང་བདུན་པའི་ཚེས་བདུན་གྱི་དུས་འགྱུར་གྱི་གཡོ་ཇུས་བཤམས་ཏེ་དྲག་ཤུགས་ལ་བརྟེན་ནས་ཀྲུང་གོར་བཙན་འཛུལ་བྱེད་པའི་དམག་འཁྲུག་ཆེན་པོ་བསླངས་པའི་ལོ་རྒྱུས་ཀྱི་གནས་ཚུལ་ངོ་མ་དང་བརྒྱུད་རིམ་ཧྲིལ་པོ་གསལ་པོར་བསྟན་ཡོད་ཅེས་བཤད་པ་རེད།
ད་ཐེངས་ཞལ་འདེབས་བརྒྱབ་པའི་རི་འགོག་དམག་འཁྲུག་སྐོར་གྱི་རིག་དངོས་ཀྱི་ལོ་རྒྱུས་དཔྱད་ཡིག་གི་ནང་དོན་ཧ་ཅང་གསལ་པོ་ཡིན་པ་དང་། འདི་དག་གིས་རི་པིན་གྱིས་ཀྲུང་གོར་བཙན་འཛུལ་བྱས་པའི་ནག་ཉེས་དམར་རྗེན་དུ་བཏོན་ཡོད་པ་མ་ཟད། རི་འགོག་དམག་འཁྲུག་གི་ལོ་རྒྱུས་དང་དགུ་པའི་བཅོ་བརྒྱད་ཀྱི་དུས་འགྱུར་ལོ་རྒྱུས་ལ་ཞིབ་འཇུག་གཏིང་ཟབ་བྱེད་པར་དཔང་རྟགས་གསར་པ་མཁོ་འདོན་བྱས་ཡོད། རྟེན་མཛོད་ཁང་གི་ཉར་ཚགས་དངོས་པོ་ཕུན་སུམ་ཚོགས་སུ་གཏོང་བ་དང་འབྲེལ་ཡོད་རིག་དངོས་སྣ་ཁ་མང་དུ་གཏོང་བའི་སྟོང་ཆ་སྐོང་བར་ཡང་ནུས་པ་གལ་ཆེན་ཐོན་ཡོད་པ་རེད།