མི་དམངས་དམངས་གཙོ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་ཐོག་མཐའ་བར་གསུམ་དུ་མཐོན་པོར་སྒྲེང་བའི་འོད་སྟོང་འཕྲོ་བའི་དར་ཆ་ཞིག་རེད།
—— སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་བཙུགས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུའི་སྐོར་གླེང་བ།
མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།
“མི་དམངས་དམངས་གཙོ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་ཐོག་མཐའ་བར་གསུམ་དུ་མཐོན་པོར་སྒྲེང་བའི་འོད་སྟོང་འཕྲོ་བའི་དར་ཆ་ཞིག་རེད” སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་བཙུགས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གསུང་བཤད་གལ་ཆེན་གནང་སྟེ། “མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ལ་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལག་ལེན་བསྟར་བ་དང་། མི་དམངས་རང་ཁྱིམ་རང་བདག་འགན་ལེན་བྱེད་པར་མངོན་གསལ་དོད་པའི་ལེགས་ཆ་ལྡན་པ”འཆད་འགྲེལ་གཏིང་ཟབ་གནང་བ་དང་། “ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་ཀྱི་འགོ་ཁྲིད་དེ་མི་དམངས་དམངས་གཙོ་འཕེལ་རྒྱས་གཏོང་བར་གྲུབ་འབྲས་རླབས་ཆེན་ཐོབ་པ་དང་། འཛམ་གླིང་གི་དམངས་གཙོའི་རིགས་པའི་གཞུང་ལུགས་དང་ལག་ལེན་ཕུན་སུམ་ཚོགས་སུ་ཕྱིན་པ་མ་ཟད། ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་ཇུས་གཞི་ལེགས་སྐྱེས་སུ་ཕུལ་བ”བཅས་མཛུབ་སྟོན་གཏིང་ཟབ་གནང་ཡོད།
མི་དམངས་རང་ཁྱིམ་རང་བདག་ཡོང་བར་བྱེད་པ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་ཐོག་མཐའ་བར་གསུམ་དུ་འབད་འཐབ་བྱེད་པའི་དམིགས་ཚད་ཡིན། ལོ་ངོ་100ལྷག་ཙམ་རིང་། ཏང་གིས་མི་དམངས་དམངས་གཙོའི་དར་ཆ་མཐོན་པོར་བསྒྲེངས་ནས་མི་དམངས་རང་ཁྱིམ་རང་བདག་ཡོང་བར་རྒྱུན་ཆད་མེད་པར་འཚོལ་ཞིབ་དང་འབད་འཐབ་བྱས་པ་དང་། མི་དམངས་ཀྱི་འགོ་ཁྲིད་དེ་ལོ་ངོ་སྟོང་ཕྲག་འགའི་བཀས་བཀོད་རྒྱུད་འཛིན་སྤྱི་ཚོགས་ཀྱི་ལོ་རྒྱུས་དང་ཉེ་རབས་སུ་ཕྱེད་མི་སེར་སྤེལ་ཡུལ་དང་ཕྱེད་བཀས་བཀོད་རྒྱུད་འཛིན་གྱི་སྤྱི་ཚོགས་སུ་གྱུར་བའི་རྒྱལ་ཁབ་ཅིག་མི་དམངས་རང་ཁྱིམ་རང་བདག་ཡོང་བར་བྱས་པས། ཀྲུང་གོའི་མི་དམངས་རྣམས་རྒྱལ་ཁབ་དང་། སྤྱི་ཚོགས། རང་ཉིད་ཀྱི་ལས་དབང་བཅས་ཀྱི་བདག་པོར་གྱུར་ཡོད།
མི་དམངས་རང་ཁྱིམ་རང་བདག་ཡོང་བར་བྱེད་པ་ནི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་ཀྱི་ངོ་བོ་དང་སྲོག་ཤིང་རེད།
བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ནི་མི་དམངས་རང་ཁྱིམ་རང་བདག་ཡོང་བར་བྱེད་པའི་གསོན་ཉམས་ལྡན་པའི་ལག་ལེན་དང་འགྲོ་ལམ་ལྡོག་མེད་ཅིག་རེད། རང་རྒྱལ་གྱི་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོར་བརྒྱུད་རིམ་དམངས་གཙོ་དང་། གྲུབ་འབྲས་དམངས་གཙོ། གོ་རིམ་དམངས་གཙོ། ངོ་བོའི་དམངས་གཙོ། ཐད་ཀའི་དམངས་གཙོ། གཞན་བརྒྱུད་དམངས་གཙོ། མི་དམངས་དམངས་གཙོ། རྒྱལ་ཁབ་ཀྱི་འདོད་བློ་གཅིག་གྱུར་བཅས་མངོན་འགྱུར་བྱུང་བ་དེ་ནི་ཕྲེང་སྦྲེལ་ཧྲིལ་པོ་དང་། ཕྱོགས་ཡོངས། ཁྱོན་ཡོངས་ལ་ཁྱབ་པ་བཅས་ཀྱི་དམངས་གཙོ་རེད། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་གཏོང་བ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ངོ་བོའི་བླང་བྱ་ཡིན། ང་ཚོས་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་ཧུར་ཐག་བཏང་སྟེ་མི་དམངས་རང་ཁྱིམ་རང་བདག་གི་ཞིབ་ཕྲ་དང་དོན་དངོས་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བ་དང་སྤྱི་ཚོགས་འཚོ་བའི་ཕྱོགས་གང་ཅིའི་ཐད་ནས་མངོན་པར་བྱེད་དགོས།
སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་འཕེལ་རྒྱས་གཏོང་བར་ལམ་ལུགས་ཀྱི་མ་ལག་ལ་བརྟེན་ནས་མི་དམངས་རང་ཁྱིམ་རང་བདག་ཡོང་བར་འགན་ལེན་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ང་ཚོས་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་དང་། རང་རྒྱལ་གྱི་རྩ་བའི་ཆབ་སྲིད་ལམ་ལུགས་དང་། གཞི་རྩའི་ཆབ་སྲིད་ལམ་ལུགས། གལ་ཆེའི་ཆབ་སྲིད་ལམ་ལུགས་བཅས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ། མི་དམངས་རང་ཁྱིམ་རང་བདག་ཡོང་བར་བྱེད་པའི་ལམ་ལུགས་ཀྱི་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ། རིམ་པ་ཁག་གི་དམངས་གཙོའི་རྣམ་པ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། མི་དམངས་རྣམས་གོ་རིམ་ལྡན་པའི་ངང་ཆབ་སྲིད་ནང་ཞུགས་རྒྱུ་རྒྱ་སྐྱེད་གཏོང་བ་བཅས་བྱས་ནས། མི་དམངས་ཀྱི་འདོད་བློ་གང་ལེགས་མཚོན་པ་དང་། མི་དམངས་ཀྱི་ཁེ་དབང་འགན་སྲུང་། མི་དམངས་ཀྱི་གསར་གཏོད་གསོན་ཤུགས་འཕེལ་བ་བཅས་བྱེད་དགོས་པའི”ནན་བཤད་གནང་ཡོད།
མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་ནི་རང་རྒྱལ་གྱི་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་མངོན་འགྱུར་ཡོང་བའི་ལམ་ལུགས་ཀྱི་གཞི་རྟེན་གལ་ཆེན་ཞིག་ཡིན། ང་ཚོས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་གཏོང་བར་དམིགས་ཏེ། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་མཐའ་འཁྱོངས་དང་། འཐུས་ཚང་། འཁོར་སྐྱོད་བཅས་ཡག་པོ་བྱས་ནས་ཏང་དང་རྒྱལ་ཁབ་ཀྱིས་ཐབས་ཇུས་འགོད་པ་དང་། ལག་བསྟར་བྱེད་པ། ལྟ་སྐུལ་དོན་འཁྱོལ་བྱེད་པ་བཅས་ཀྱི་ལྷུ་ཚིགས་ཚང་མར་མི་དམངས་ཀྱི་སྐད་སྒྲ་གོ་ཐུབ་པའི་འགན་ལེན་བྱས་ཏེ། མུ་མཐུད་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་ལ་བརྟེན་ནས་རྒྱལ་ཁབ་དང་མི་རིགས་ཀྱི་མདུན་ལམ་དང་ལས་དབང་མི་དམངས་ཀྱི་ལག་ཏུ་དམ་པོར་འཛིན་ཐུབ་པ་བྱེད་དགོས།
དམངས་གཙོ་ནི་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་ཡིན། ཀྲུང་གོ་གུང་ཁྲན་ཏང་ནི་དམངས་གཙོའི་ལྷག་བསམ་རྣམ་དག་གི་དོན་གཉེར་པ་དང་། སྐུལ་འདེད་ཧུར་ཐག་གཏོང་མཁན། དཔེ་བཟང་གི་ལག་ལེན་པ་བཅས་ཡིན། ཀྲུང་གོ་བཅོས་སྐྱོང་ལ་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་གལ་ཆེན་ཞིག་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཕེལ་རྒྱས་ཀྱི་འགྲོ་ལམ་དུ་བསྐྱོད་དེ་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་མཐའ་འཁྱོངས་དང་འཕེལ་རྒྱས་བཏང་བས་རེད། རྒྱལ་ཁབ་ཁག་གི་ལོ་རྒྱུས་དང་རིག་གནས་མི་འདྲ་བ་དང་དངོས་ཡོད་ཀྱི་རྒྱལ་བབ་མི་འདྲ་བས། དམངས་གཙོའི་རྣམ་པ་གདམ་ག་བྱེད་སྟངས་ཀྱང་དེ་བས་འདྲ་གི་མེད། ང་ཚོས་མིའི་རིགས་ཀྱི་ཆབ་སྲིད་ཤེས་དཔལ་གྱི་ཕན་ཡོད་གྲུབ་འབྲས་དཔྱད་གཞིར་འཛིན་དགོས་མོད། འོན་ཀྱང་ནུབ་ཕྱོགས་ཀྱི་ཆབ་སྲིད་ལམ་ལུགས་ཀྱི་རྣམ་པ་ཇི་མ་ཇི་བཞིན་འདྲ་སྤོས་གཏན་ནས་བྱེད་མི་རུང་། ང་ཚོས་འཛམ་གླིང་ཐོག་ཞི་བདེ་དང་། འཕེལ་རྒྱས། དྲང་གཞག དྲང་བདེན། དམངས་གཙོ། རང་དབང་བཅས་དོན་གཉེར་བྱེད་མཁན་རྒྱལ་ཁབ་དང་མི་དམངས་མཐའ་དག་དང་མཉམ་དུ་རྒྱ་ཁྱབ་དང་། དྲང་གཞག གོ་ཆོད་བཅས་ཀྱི་དམངས་གཙོ་མངོན་འགྱུར་ཡོང་བའི་ཐབས་ལམ་ལ་ཐུན་མོང་ཐོག་དཔྱད་བསྡུར་བྱས་ནས་མིའི་རིགས་ཀྱི་ཆབ་སྲིད་ཤེས་དཔལ་ཡར་ཐོན་ཆེད་ལེགས་སྐྱེས་གསར་པ་མུ་མཐུད་འབུལ་འདོད་ཡོད།
མདུན་སྐྱོད་ཀྱི་ལམ་བུར་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་ཧུར་ཐག་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་ཤེས་དཔལ་འཛུགས་སྐྱོང་ཧུར་ཐག་བཅས་བྱས་ཚེ། ང་ཚོས་ཕྱོགས་ཁག་གི་བློ་གྲོས་དང་སྟོབས་ཤུགས་ཏང་དང་མི་དམངས་ཀྱི་བྱ་གཞག་ནང་གཅིག་སྒྲིལ་དང་། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རྒྱང་ལམ་གསར་པར་ལོ་རྒྱུས་ཀྱི་བྱ་གཞག་རླབས་པོ་ཆེ་གསར་པ་གཏོད་ཐུབ་ངེས་རེད།