འབྲེལ་ཡོད་སྡེ་ཚན་དང་ས་ཁུལ་གྱིས་རྒྱ་མཚོའི་རླུང་འཚུབ“པེ་པི་ཅཱ”ལ་འགོག་ཟོན་དང་ཁ་གཏད་བཅག་པ།
ད་ལོའི་རྒྱ་མཚོའི་རླུང་འཚུབ་ཨང་13པ“པེ་པི་ཅཱ”(རྒྱ་མཚོའི་རླུང་འཚུབ་དྲག་པོའི་རིམ་པ)ཚེས་16ཉིན་གྱི་ཆུ་ཚོད་7དང་སྐར་མ་30ཡི་སྔ་ནུབ་ཏུ་ཧྲང་ཧའེ་ཕུའུ་ཏུང་ལིན་ཀང་གྲོང་གསར་གྱི་མཚོ་རྒྱུད་དུ་ལྡང་བ་རེད། ཚེས་16ཉིན་གྱི་སྔ་དྲོར། རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་གཞུང་ལས་ཁང་དང་འཕྲལ་སྡོམ་དོ་དམ་པུས་གནམ་གཤིས་དང་། ཆུ་བེད། རང་བྱུང་ཐོན་ཁུངས་སོགས་ཀྱི་སྡེ་ཚན་མུ་མཐུད་སྒྲིག་འཛུགས་བྱས་ནས་མཉམ་འབྲེལ་གྲོས་མོལ་བྱས་ཏེ་རྒྱ་མཚོའི་རླུང་འཚུབ“པེ་པི་ཅཱ”ལྡང་ཕྱོགས་ལ་བརྡར་དཔྱོད་བྱེད་པ་དང་། ཧྲང་ཧའེ་དང་། ཀྲེ་ཅང་། ཨན་ཧུའེ། ཧོ་ནན་སོགས་གཙོ་གནད་ཞིང་ཆེན་ལ་རྒྱུན་མཐུད་བཀོད་གཏོང་བྱས་ནས་འཕྲལ་སྡོམ་ལས་རེས་དང་། ཉེན་སེལ་རོགས་སྐྱོབ། གནས་སྤོ་བཀོད་སྒྲིག་དང་། དེ་བཞིན་ཆུ་བོ་འབྲིང་ཆུང་གི་ཆུ་ལོག་སྔོན་འགོག་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པར་སྐུལ་འདེད་བཏང་བ་རེད།
རྒྱ་མཚོའི་རླུང་འཚུབ་ལྡང་ཕྱོགས་ལ་གཞིགས་ནས། ཚེས་16ཉིན་རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུས་ཧྲང་ཧའེ་དང་ཀྲེ་ཅང་ལ་དམིགས་པའི་འབྲུབ་འགོག་དང་རྒྱ་མཚོའི་རླུང་འཚུབ་སྔོན་འགོག་གི་འཕྲལ་སྡོམ་རིམ་པ་བཞི་པར་རིམ་སྤོར་བྱས་པ་དང་། ཅང་སུའུ་དང་ཨན་ཧུའེ་ལ་དམིགས་པའི་འབྲུབ་འགོག་དང་རྒྱ་མཚོའི་རླུང་འཚུབ་སྔོན་འགོག་གི་རིམ་པ་བཞི་པའི་འཕྲལ་སྡོམ་དང་ལེན་རྒྱུན་འཁྱོངས་བྱས་ཤིང་། རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་གཞུང་ལས་ཁང་གི་ལས་དོན་ཚོགས་ཆུང་གཉིས་ཀྱིས་རྒྱ་མཚོའི་རླུང་འཚུབ་སྔོན་འགོག་གི་འཐབ་ས་དང་པོར་མུ་མཐུད་གཞོགས་འདེགས་དང་མཛུབ་ཁྲིད་བྱེད་བཞིན་ཡོད་པ་རེད། འཕྲལ་སྡོམ་དོ་དམ་པུས་རྒྱལ་ཁབ་ཀྱི་བདེ་འཇགས་ཐོན་སྐྱེད་འཕྲལ་སྡོམ་རོགས་སྐྱོབ་རུ་ཁག་14ཡི་ཁྱོན་མི་2636དང་སྒྲིག་ཆས་968ལ་ཉེན་སེལ་རོགས་སྐྱོབ་བྱ་སྤྱོད་ཀྱི་གྲ་སྒྲིག་ཡག་པོ་བྱེད་པར་མཛུབ་ཁྲིད་བྱས་པ་དང་། རྒྱལ་ཁབ་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་མེ་ཟོན་རོགས་སྐྱོབ་རུ་ཁག་གིས་གཙོ་གནད་ས་ཁོངས་53ལ་མེ་ཟོན་རོགས་སྐྱོབ་མི་སྣ་2224སྔོན་མངགས་ལས་གྲབས་ལ་བཀོད་སྒྲིག་བྱེད་པར་མཛུབ་ཁྲིད་བྱས་པ་རེད།