རང་ལྗོངས་ཀྱི་ས་གནས་ཁག་གིས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་ནས་ཟླ་མཆོད་དུས་ཆེན་ལ་རྟེན་འབྲེལ་ཞུས་པ།
འདི་ནི་ཟླ་མཆོད་དུས་ཆེན་གྱི་གུང་གསེང་རིང་ཡུལ་སྐོར་བས་བོད་ལྗོངས་རྟེན་མཛོད་ཁང་དུ་ལྟ་སྐོར་བྱེད་བཞིན་པ།
འདི་ནི་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀྱི་ཉང་ཆུའི་ངོགས་ནས་ཉ་གང་ཟླ་བ་དང་ཉང་ཆུའི་བ་གམ་ལ་རྒྱང་ལྟ་བྱེད་པ།
རང་ལྗོངས་ཀྱི་ས་གནས་ཁག་གིས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་ཏེ། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཟླ་མཆོད་དུས་ཆེན་མཉམ་དུ་དགའ་གཏོང་བྱས་པ་རེད།
ཉེ་ཆར། རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་ལྟ་སྐུལ་ཞིབ་བཤེར་ཁང་དང་པོས“གཅིག་སེམས་གཅིག་འབྲེལ་གྱིས་ཟླ་མཆོད་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི”བྱེད་སྒོ་སྤེལ་ཏེ། ནག་ཆུ་གྲོང་ཁྱེར་ཤན་རྩ་རྫོང་འཁྱག་ཤང་བུ་བཅོལ་ཁང་ལ་སྒོར་2000ལྷག་ཙམ་རི་བའི་སློབ་སྦྱོང་ཡོ་བྱད་དང་དཔེ་དེབ་སོགས་ཞལ་འདེབས་བརྒྱབ་པ་རེད།
དེ་གོང་རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་ལྟ་སྐུལ་ཞིབ་བཤེར་ཁང་དང་པོས་ཕྲུ་གུ་ཚོའི་ལོ་ན་ཆེ་ཆུང་དང་དེང་གི་དུས་མཚམས་ཀྱི་དགོས་མཁོར་གཞིགས་ནས། ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ་མི་རིགས་མཐུན་སྒྲིལ་སྐོར་གྱི་དཔེ་དེབ་དང་། རྩེད་ཆས། འཚོ་བའི་མཁོ་ཆས་བཅས་བསྡུ་རུབ་བྱས་ནས་ཕྲུ་གུ་ཚོར་ཐུན་མོང་མ་ཡིན་པའི་ཟླ་མཆོད་དུས་ཆེན་གྱི་ལག་རྟགས་ཤིག་གྲ་སྒྲིག་བྱས་པ་རེད།
ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྔར་བས་རྒྱུན་འཛིན་དང་དར་སྤེལ་བཏང་ནས་ཤེས་དཔལ་ཞི་མཐུན་དང་དགའ་སྤྲོ་ལྷན་འཛོམས་ཀྱི་དུས་ཆེན་གྱི་རྣམ་པ་ཞིག་གཏོད་ཆེད། ཟླ་9ཚེས་17ཉིན། ནག་ཆུ་གྲོང་ཁྱེར་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང“ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ། མི་རིགས་ཁག་གིས་མཉམ་དུ་དུས་ཆེན་གཏོང”ཞེས་པའི་བྱེད་སྒོ་སྤེལ་ཞིང་། གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་འཐུས་མི་200ལྷག་ཙམ་བྱེད་སྒོར་ཞུགས་ནས་མི་རིགས་མཐུན་སྒྲིལ་གླེང་བ་དང་སྲོལ་རྒྱུན་གྱི་དུས་ཆེན་ལ་མཉམ་དུ་རྟེན་འབྲེལ་ཞུས་པ་རེད།
“སྨན་ཁང་གིས་མི་རིགས་ཁག་གི་མང་ཚོགས་ལ་སྤུས་ལེགས་ཀྱི་སྨན་བཅོས་ཞབས་འདེགས་ཞུ་དགོས་པ་མ་ཟད། ད་དུང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དེ་རྒྱུན་གཏན་གྱི་ལས་དོན་ནང་མཉམ་འདྲེས་ཐུབ་པར་བྱས་ནས་མི་རིགས་ཁག་གི་ལས་བྱེད་ལས་བཟོའི་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ་དང་མི་རིགས་ཁག་གི་མང་ཚོགས་དབར་གྱི་ཤེས་རྟོགས་དང་ཡིད་ཆེས་བྱེད་ཚད་ཆེ་རུ་བཏང་སྟེ་ཞི་མཐུན་བརྟན་ལྷིང་གི་ཁོར་ཡུག་ཡག་པོ་མཉམ་དུ་གཏོད་དགོས། སྔར་ནས་བཟུང་ང་ཚོས་ས་གནས་འདི་གའི་ཞིང་འབྲོག་མང་ཚོགས་ལ་འོས་འགན་སྨན་བཅོས་ཀྱི་ཞབས་འདེགས་རྒྱུན་ཆད་མེད་པར་གཏིང་ཟབ་ཞུས་ནས་བྱང་ཐང་གི་མང་ཚོགས་ཀུན་ལ་བདེ་ཐང་གི་ཕན་བདེ་ཁྱབ་པར་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་དེ་ཉིད་གཅེས་སེམས་བརྒྱུད་སྤྲོད་བྱེད་ཐེངས་རེར་སྔར་བས་བརྟན་དུ་གཏོང་གི་ཡིན”ཞེས་ནག་ཆུ་གྲོང་ཁྱེར་དམངས་ཕན་སྨན་ཁང་གི་ཡོན་ཀྲང་གཞོན་པ་ཡའོ་ཀའོ་ཆི་ཡིས་བཤད།