དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱི་མངོན་གསལ་དོད་པའི་ཆབ་སྲིད་ཀྱི་ལེགས་ཆ་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་དགོས།

    —— སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་བཙུགས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུའི་སྐོར་གླེང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-09-19

    མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་ནི་ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་ཀྱི་སྣེ་ཁྲིད་ནས་དཀའ་སྤྱད་འཚོལ་ཞིབ་དང་ཡུན་རིང་འབད་འཐབ་བྱས་པའི་གྲུབ་འབྲས་ཤིག་དང་། ཀྲུང་གོའི་ས་གཞི་ནས་འཚར་ལོངས་བྱུང་བའི་ཆབ་སྲིད་ལམ་ལུགས་གསར་རྐྱང་ཞིག མིའི་རིགས་ཀྱི་ཆབ་སྲིད་ལམ་ལུགས་ཀྱི་ལོ་རྒྱུས་ཐོག་གི་གསར་གཏོད་རླབས་པོ་ཆེ་ཞིག་བཅས་རེད།

    རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་བཙུགས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་སྟེ། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་ཀྱི་སྣེ་ཁྲིད་དེ་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་བཙུགས་པ་དང་འཐུས་སྒོ་ཚང་དུ་བཏང་བའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལམ་བུར་ཕྱིར་དྲན་གནང་བ་དང་། མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱི་མངོན་གསལ་དོད་པའི་ཆབ་སྲིད་ཀྱི་ལེགས་ཆར་རྒྱས་བཤད་གཏིང་ཟབ་གནང་བ། དུས་རབས་གསར་པའི་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གསར་གཏོད་གྲུབ་འབྲས་གལ་ཆེན་ལ་བརྒྱུད་རིམ་ལྡན་པའི་སྒོ་ནས་ཕྱོགས་སྡོམ་གནང་བ། དེ་བཞིན་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་མཐའ་འཁྱོངས་དང་། འཐུས་ཚང་། འཁོར་སྐྱོད་བཅས་ཡག་པོ་བྱ་རྒྱུར་ཕྱོགས་ཡོངས་ནས་བཀོད་སྒྲིག་གནང་ཡོད་ལ་བླང་བྱ་གསལ་པོའང་བཏོན་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནི་བརྗོད་དོན་རྒྱ་ཆེ་གཏིང་ཟབ་དང་མི་སེམས་ལ་སྐུལ་ལྕག་ཐེབས་པ་ཞིག་ཡོད་ཅིང་། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ཕུན་སུམ་ཚོགས་སུ་དང་འཕེལ་རྒྱས་བཏང་ཡོད། དེ་ནི་མར་ཁེ་སི་རིང་ལུགས་བདེན་དོན་གྱི་འོད་སྟོང་འཕྲོ་བའི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞིག་རེད།

    1954ལོའི་ཟླ་9པར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་དང་པོའི་ཚོགས་འདུ་ཐེངས་དང་པོ་འཚོགས་ཏེ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས》ལ་གྲོས་འཆམ་བྱས་པ་དེ་ཐོག་ནས་རྒྱལ་ཁབ་ཀྱི་རྩ་བའི་ཆབ་སྲིད་ལམ་ལུགས་ཡིན་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་དངོས་སུ་བཙུགས་པ་མཚོན་གྱི་ཡོད།

    མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་བཙུགས་པ་དེ་ཐོག་ནས་ཀྲུང་གོའི་ཆབ་སྲིད་མི་ཉུང་ཤས་ཀྱིས་སྲིད་དབང་འཛིན་པ་དང་མི་མང་ཆེ་བར་གཉའ་གནོན་དང་བཤུ་གཞོག་ཕོག་པ་ནས་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པ་དང་མི་དམངས་རང་ཁྱིམ་རང་བདག་བར་གྱི་མཆོང་སྐྱོད་རླབས་པོ་ཆེ་བྱུང་བ་དང་ཀྲུང་གོའི་ཆབ་སྲིད་ལམ་ལུགས་ལ་འཕོ་འགྱུར་རླབས་པོ་ཆེ་བྱུང་བ་མཚོན་གྱི་ཡོད། ལོ་70ཡི་རིང་ཏང་གི་འགོ་ཁྲིད་འོག་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལག་ལེན་རླབས་ཆེན་ཁྲོད་མཉམ་འདྲེས་ཟབ་མོ་བྱུང་སྟེ། རང་རྒྱལ་གྱིས་ཐོག་མཐའ་བར་གསུམ་དུ་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་འདེད་དེ་མདུན་སྐྱོད་བྱེད་པར་འགན་ལེན་ནུས་ལྡན་བྱས་ཡོད་ལ། “བྱས་རྗེས་ངོ་མཚར་ཅན་གཉིས”གཏོད་པར་ལམ་ལུགས་ཀྱི་འགན་ལེན་གལ་ཆེན་ཡང་བྱས་ཡོད།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས“ཟུང་འབྲེལ་གཉིས”མཐའ་འཁྱོངས་བྱས་ཏེ། མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གསར་གཏོད་ལ་མུ་མཐུད་སྐུལ་འདེད་བཏང་ཞིང་། འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། བླང་བྱ་གསར་པ་བཅས་རབ་དང་རིམ་པ་བཏོན་པ་བརྒྱུད། མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་གྲུབ་ནས། དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། ངེས་པར་དུ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། ངེས་པར་དུ་ལམ་ལུགས་ཀྱི་མ་ལག་ལ་བརྟེན་ནས་མི་དམངས་རང་ཁྱིམ་རང་བདག་ཡོང་བར་འགན་སྲུང་བྱ་རྒྱུ་མཐའ་འཁྱོངས། ངེས་པར་དུ་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུ་མཐའ་འཁྱོངས། ངེས་པར་དུ་དམངས་གཙོ་གཅིག་སྡུད་ལམ་ལུགས་མཐའ་འཁྱོངས། ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཕེལ་རྒྱས་ལམ་བུར་བསྐྱོད་རྒྱུ་མཐའ་འཁྱོངས། ངེས་པར་དུ་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས། ངེས་པར་དུ་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ནུས་པ་འདོན་སྤེལ་བྱ་རྒྱུ་མཐའ་འཁྱོངས། ངེས་པར་དུ“ལས་ཁུངས་བཞིའི”བླང་བྱ་ལྟར་རིམ་ཁག་མི་དམངས་འཐུས་ཚོགས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་མཐའ་འཁྱོངས་བཅས་བྱེད་དགོས། “མཐའ་འཁྱོངས་བྱེད་དགོས་པ་བརྒྱད”ལས་རང་རེའི་ཏང་གིས་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་འཛིན་པའི་ངོས་འཛིན་མཐོ་ཚད་གསར་པར་སླེབས་ཡོད།

    མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་ནི་རང་རྒྱལ་གྱི་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་མངོན་འགྱུར་བྱེད་པའི་ལམ་ལུགས་ཀྱི་གཞི་རྟེན་གལ་ཆེན་ཞིག་རེད། ཏང་གི་ཚོགས་ཆེན་ཉི་ཤུ་པས་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་དང་མི་དམངས་ཀྱི་རང་ཁྱིམ་རང་བདག་ལ་འགན་སྲུང་བྱེད་རྒྱུ་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་པ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་ལམ་ལུགས་མ་ལག་འཐུས་སྒོ་ཚང་དུ་གཏོང་བར་བཀོད་སྒྲིག་ཞིབ་ཕྲ་བྱས་ཡོད། ང་ཚོས་འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་སྔར་བས་བརྟན་དུ་གཏོང་བ་དང་། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་གཏོང་བ། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་མཐའ་འཁྱོངས་དང་། འཐུས་ཚང་། འཁོར་སྐྱོད་བཅས་ཡག་པོ་བྱས་ཏེ་དུས་རབས་གསར་པ་དང་རྒྱང་ལམ་གསར་པར་ཏང་དང་མི་དམངས་ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་ཡོང་བར་ལམ་ལུགས་ཀྱི་འགན་ལེན་བརྟན་པོ་བྱེད་དགོས།

    བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་དང་། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཕེལ་རྒྱས་ལམ་བུར་སྐྱོད་པ། སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་ཤེས་དཔལ་འཛུགས་སྐྱོང་ཧུར་ཐག་བྱེད་པ། མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱི་མངོན་གསལ་དོད་པའི་དགེ་མཚན་འདོན་སྤེལ་གང་ལེགས་བཅས་བྱས་ན། མི་དམངས་དུང་ཕྱུར་མང་པོའི་རྔམ་བརྗིད་ལྡན་པའི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་རྣམ་པ་གསར་རྐྱང་ཐུན་མོང་ཐོག་གཏོད་ཐུབ་ངེས་རེད།

    (ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་14ཉིན་འབྱོར་བའི་གློག་འཕྲིན)

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།