དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་བཏང་སྟེ་ནུས་ཤུགས་ཡོད་རྒུས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་གསར་པ་བརྩམས་པ།

    —— རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་འཚོགས་ཚུན་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་བཏང་བའི་སྐོར་གྱི་སྒྲིལ་གླེང་། (སྟོད་ཆ)

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-09-19

    ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གཞུང་དོན་ཁང་གིས།

    རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་བྱས་ཏེ། ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གི་སྤྱི་ཡོངས་ཁྲོད་བོད་ཀྱི་འཐབ་ཇུས་ངེས་གནས་ལ་གཞི་ཚུགས་པ། “བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས”བཅས་ཀྱི་དོན་ཆེན་བཞིར་དམིགས་པ། “རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་དང་། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྤེལ་ཁུལ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས། རྒྱལ་ཁབ་ཀྱི་མཐའ་བརྟན་མཐའ་དར་དམངས་ཕྱུག་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ་གཏོད་པའི”འབད་འཐབ་དམིགས་ཚད་ལ་ཤུགས་རྒྱག་པ་བཅས་བྱས་ཏེ། རྨང་གཞིའི་རང་བཞིན་དང་། གསར་གཏོད་རང་བཞིན། སྣེ་ཁྲིད་རང་བཞིན། མཚོན་རྟགས་རང་བཞིན་བཅས་ཀྱི་སྒྱུར་བཅོས་བྱ་ཐབས་རབ་དང་རིམ་པ་བཏོན་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་སྒྲིག་སྲོལ་དང་ལམ་སྲོལ་གྱི་གནད་དོན་ཐག་གཅོད་ཧུར་ཐག་བྱེད་པ་དང་། ལམ་ལུགས་ཀྱི་ལེགས་ཆ་བཅོས་སྐྱོང་གི་ཕན་ནུས་སུ་རྒྱུན་ཆད་མེད་པར་འགྱུར་བར་བྱེད་པ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་པས། ལྗོངས་ཡོངས་སུ་སྤྱི་ཚོགས་བརྟན་ལྷིང་དང་། དཔལ་འབྱོར་འཕེལ་རྒྱས། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན། མི་དམངས་བདེ་སྡོད་ལས་བརྩོན་བཅས་ཀྱི་རྣམ་པ་བཟང་པོ་ཞིག་མངོན་ཡོད།

    སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་ལ་དམིགས་ནས་སྒྱུར་བཅོས་ཟབ་ཏུ་བཏང་སྟེ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ནུས་ལྡན་བྱས་པ།

    རྒྱལ་ཁབ་ཀྱི་སྤྱི་ཡོངས་ཀྱི་བདེ་འཇགས་ལྟ་བ་བརྟན་པོ་བཙུགས་ནས་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་དེ་ལས་འགན་ཨང་དང་པོར་བརྩི་རྒྱུ་མཐའ་འཁྱོངས་བྱེད་པ་དང་ཉེན་བརྡ་རྒྱུན་སྒྲོག་དང་རྟག་ཏུ་དོགས་ཟོན་མཐའ་འཁྱོངས་ཀྱིས་ཚན་རིག་ཅན་གྱི་ལམ་སྲོལ་དང་། རྒྱུན་རྣམ་ཅན་དང་ཁྲིམས་སྐྱོང་ཅན་གྱི་འདུ་ཤེས་ལ་བརྟེན་ནས་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་རྒྱུན་གཏན་དང་གཞི་རིམ་དུ་སྤེལ་ཏེ། སྤྱི་ཚོགས་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱས་ཡོད།

    ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པར་ཤུགས་བརྒྱབ་ཅིང་། མི་རིགས་ཁག་རྒྱ་ཁྱབ་ངང་འགྲོ་འོང་དང་། ཕྱོགས་ཡོངས་ནས་སྤེལ་རེས། མཉམ་འདྲེས་གཏིང་ཟབ་བཅས་ལ་སྐུལ་འདེད་གཏོང་བར་དམིགས་པ་དང་། དུས་རབས་གསར་པའི་བོད་ཀྱི་མི་རིགས་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་བའི་གླེང་སྟེགས་སྐབས་དང་པོ་གཉེར་བ། མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སེམས་སུ་ཟུག་པར་བྱེད་པ་བཅས་ཀྱི“འདུ་འགོད་ཆེན་པོ་བཞི”དང་རང་རེའི་ཀྲུང་ཧྭ་ལ་དགའ་བའི“སོན་འདེབས”བྱ་སྤྱོད་སོགས“བྱ་སྤྱོད་ཁག་དྲུག”ལག་བསྟར་གཏིང་ཟབ་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་མཐོང་ཚོར་གཏོད་ཚད་ཟབ་ཏུ་གཏོང་བ། ཀྲུང་ཧྭ་མི་རིགས་ལ་ཐུན་མོང་དུ་ཡོད་པའི་བསམ་པའི་ཁྱིམ་གཞིས་སྐྲུན་པ། མཐོང་རྒྱུ་ཡོད་པ་དང་། ཚོར་རྒྱུ་ཡོད་པ། ཕན་ནུས་ཡོད་པ་བཅས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་དང་འཛུགས་གཏོད་ལས་དོན་སྤེལ་བ། ས་ཁུལ་དང་གྲོང་ཁྱེར་7ཚང་མ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་དང་གྲོང་ཁྱེར་དུ་གཏོད་པ། ལྗོངས་ཡོངས་སུ་སྤྱི་སྐད་ཁྱབ་གདལ་གཏོང་ཚད་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དང་འདྲ་མཚུངས་ཡིན་པ། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་སྔར་བས་དམ་ཟབ་བྱེད་པ། “མོས་སེམས་ལྔ”སྔར་བས་ཟབ་ཏུ་གཏོང་བ། “མཐུན་སྒྲིལ་བརྟན་ལྷིང་ནི་བདེ་སྐྱིད་དང་ཁ་ཕྲལ་ཟང་ཟིང་ནི་ཆག་སྒོ་ཡིན་པའི”འདུ་ཤེས་མི་སེམས་སུ་གཏིང་ཟབ་ཟུག་པ་བཅས་བྱས་པས། ལྗོངས་ཡོངས་ཀྱི་གོང་འོག་ཚང་མ་ནས་མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གྱི་གསོན་ཉམས་དོད་པའི་རྣམ་པ་ཞིག་མངོན་བཞིན་ཡོད།

    “ལྡན་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་དོན་འཁྱོལ་བྱེད་པར་དམིགས་ནས་སྒྱུར་བཅོས་ཟབ་ཏུ་བཏང་སྟེ་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྔོན་སྤེལ་ཁུལ་འཛུགས་གཏོད་ལ་ཤུགས་སྣོན་བརྒྱབ་པ།

    འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་བ་དང་སྒྱུར་བཅོས་སྒོ་དབྱེར་བརྟེན་ནས་འཕེལ་རྒྱས་ཀྱི་ནང་སྐྱེས་སྒུལ་ཤུགས་ཆེ་རུ་བཏང་སྟེ་དཔལ་འབྱོར་སྤུས་ཚད་མཐོ་རུ་ནུས་ལྡན་དང་གྲངས་འབོར་ལུགས་མཐུན་ངང་འཕར་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་བ་རེད། 2023ལོར་བོད་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དང་། གཏན་འཇགས་རྒྱུ་ནོར་གྱི་མ་འཇོག སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ། ཕྱིར་གཏོང་ནང་འདྲེན་གྱི་བསྡོམས་འབོར་སོགས་དམིགས་ཚད་ཁག་6གི་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད་པ་རེད། 2024ལོའི་ལོ་སྟོད་དུ་ལྗོངས་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དུས་མཚུངས་ལས་6.1%འཕར་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་6.4%དང་8.4%སོ་སོར་འཕར་བ། གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་དུས་མཚུངས་ལས་25.7%འཕར་བ། གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་དུས་མཚུངས་ལས་19.7%འཕར་བ། དཔལ་འབྱོར་དམིགས་ཚད་གཙོ་བོའི་འཕར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད་པ་རེད།

    དཔལ་འབྱོར་ཁྱབ་ཁོངས་ཀྱི་སྒྱུར་བཅོས་གཏིང་ཟབ་སྤེལ་ཞིང་། རྣམ་གྲངས་ཀྱིས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པའི་བསམ་བློ་བརྟན་པོ་བཙུགས་ནས་རྣམ་གྲངས་ནི་གནས་དང་། ཐོན་ལས་ནི་ཐིག དཔལ་འབྱོར་ནི་ཁྱོན་བཅས་ཡིན་པ་མཐའ་འཁྱོངས་ཀྱིས་ཞིང་ཆེན་རིམ་པའི་འགོ་ཁྲིད་ཀྱིས་རྣམ་གྲངས་གལ་ཆེན་འགན་གཙང་ལེན་པའི་ལས་ཀའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ཕན་ལྡན་མ་འཇོག་དང་རྣམ་གྲངས་གལ་ཆེན་དོན་འཁྱོལ་ལ་ཐབས་བརྒྱ་ཇུས་སྟོང་གིས་དམ་འཛིན་ཡག་པོ་བྱེད་པ། ཁྲོན་བོད་ལྕགས་ལམ་སོགས་རྨང་གཞིའི་སྒྲིག་བཀོད་གལ་ཆེན་འཛུགས་སྐྲུན་ལ་ཚད་བརྒལ་རང་བཞིན་གྱི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། མིག་སྔའི་དཔལ་འབྱོར་ལ་གསོན་ཤུགས་རྒྱས་པ་དང་འབྱུང་འགྱུར་ལ་གཏིང་ཤུགས་ལྡན་པའི་འགན་ལེན་བྱས་ཡོད། ཐོན་ལས་དང་པོ་ལེགས་སུ་གཏོང་བ་དང་། ཐོན་ལས་གཉིས་པ་སྟོབས་ཆེར་གཏོང་བ། ཐོན་ལས་གསུམ་པ་མཐོ་རུ་གཏོང་བ་བཅས་མཐའ་འཁྱོངས་ཀྱིས་གཙོ་གནད་ཐོན་ལས་འཁོར་འབྲེལ་གྱི་འཁོར་འབྲེལ་དཔོན་གྱི་ལམ་ལུགས་ལག་བསྟར་བྱེད་པ་དང་། ཐོན་ལས་ཀྱི་རོགས་སྐྱོར་སྲིད་ཇུས་བཟོ་བ། རིག་གནས་ཡུལ་སྐོར་དང་། ནུས་རྒྱུ་གཙང་མ། ལྗང་མདོག་བཟོ་ལས། དེང་རབས་ཞབས་ཞུའི་ལས་རིགས། ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས། བོད་ལུགས་གསོ་རིག་གི་ཐོན་ལས། མཐོ་གསར་གྲངས་འཛིན། མཐའ་མཚམས་ཉོ་ཚོང་དང་ཟོག་འགྲེམས། ཀུན་སྤྱོད་མཁའ་འགྲུལ་སོགས“ཐོན་ལས་ཆེན་པོ་དགུ”གོང་འཕེལ་ཤུགས་ཆེན་བཏང་སྟེ་ཐོན་སྐྱེད་ནུས་ཤུགས་གསར་མ་གང་མགྱོགས་ཆགས་པར་བྱེད་པ། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་པ་བཅས་བྱས་ཏེ། བོད་ཀྱི་ཐོན་ཁུངས་ཀྱི་ལེགས་ཆ་དེ་དཔལ་འབྱོར་གྱི་ལེགས་ཆ་དང་འཕེལ་རྒྱས་ཀྱི་ལེགས་ཆར་བསྒྱུར་ནས་རང་ངོས་འཕེལ་རྒྱས་གཏོང་ནུས་མངོན་གསལ་དོད་པོས་ཆེ་རུ་བཏང་ཡོད།

    དམངས་འཚོའི་ཁྱབ་ཁོངས་ཀྱི་སྒྱུར་བཅོས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཅིང་། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་མང་ཚོགས་ཉེ་འགྲམ་གྱི་བྱ་བ་ཆུང་ཙག་རྣམས་ཏང་ཨུད་དང་སྲིད་གཞུང་གི་དོན་ཆེན་ལ་བརྩིས་ནས་དམ་འཛིན་བྱེད་པ་དང་། “དམངས་འཚོའི་འདུ་འགོད་ཆེན་པོ་བཅུ”ལག་ལེན་གཏིང་ཟབ་བསྟར་བ། སྒྱུར་བཅོས་ཟབ་ཏུ་གཏོང་བ་བརྒྱུད་དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་བ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་མི་འབོར་དང་། མི་སེམས། ཤེས་ལྡན་པ་བཅས་ཀྱི་གནད་དོན་ཐག་གཅོད་ཧུར་ཐག་བཅས་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་ཡོད། སློབ་གསོའི་ཁྱབ་ཁོངས་ཀྱི་ཕྱོགས་བསྡུས་སྒྱུར་བཅོས་རྒྱུན་མཐུད་ཟབ་ཏུ་བཏང་ནས་རྒྱལ་ཡོངས་ཀྱི་སྔོན་དུ་ལོ་15རིང་གི་གཞུང་གྲོན་སློབ་གསོའི་སྲིད་ཇུས་མ་ལག་དང་སློབ་མར་རོགས་དངུལ་སྤྲོད་པའི་སྲིད་ཇུས་མ་ལག་བཙུགས་ཏེ་རྨང་གཞིའི་སློབ་གསོའི་ལེགས་ཆ་ཆེ་རུ་དང་སྤུས་ཚད་མཐོ་རུ་གཏོང་བ་དང་ལས་རིགས་སློབ་གསོའི་སྤུས་སྤོར་ལེགས་སྐྱོང་གི་བྱ་སྤྱོད་འཆར་གཞི་དང་དེ་བཞིན་མཐོ་རིམ་སློབ་གསོ་དར་རྒྱས་འཆར་གཞི་ལག་ལེན་ཤུགས་ཆེན་བསྟར་བ། ལས་རིགས་སློབ་གསོའི་དབུས་ནུབ་རྒྱུད་ཀྱི་མཉམ་ལས་དང་སློབ་གསོའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལ་སྐུལ་འདེད་ཧུར་ཐག་གཏོང་བ། བོད་ལྗོངས་འཛིན་གྲྭའི་སློབ་མ་བསྡུ་བའི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་མ་ཟད་སློབ་གཉེར་ཆུ་ཚད་ཀྱང་མཐོ་རུ་གཏོང་བ་བཅས་བྱས་ཏེ་མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་ཧུར་ཐག་གཉེར་བ་རེད། སྒྱུར་བཅོས་དང་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྟེན་ནས་དམངས་འཚོའི་བྱ་བ་དངོས་ཡག་པོ་བསྒྲུབས་ཏེ་ལོ་ལྟར་མང་ཚོགས་ལ་རིན་པ་མི་དགོས་པར་གཟུགས་པོར་བརྟག་དཔྱད་ཐེངས་རེ་མཐའ་འཁྱོངས་བྱས་པ་དང་། ཐུམ་འབུའི་ནད་དང་གྲུམ་བུ་ཚིགས་ཆེན་གྱི་ནད་སོགས་ཡུལ་ནད་བཅོས་འདོད་རིགས་ཚང་མ་བཅོས་ཐུབ་པ་དང་བཅོས་དགོས་རིགས་ཚང་མ་བཅོས་ཐུབ་པ། བྱིས་པའི་ལྷན་སྐྱེས་སྙིང་ནད་དང་ཞིང་འབྲོག་མང་ཚོགས་ཀྱི་སྐྱ་གྲིབ་སྨན་བཅོས་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ། རིམ་པ་ཁག་གི་སློབ་གྲྭ་སྣ་ཚོགས་ལ་དྲོད་རླངས་ཁྱོན་ཡོངས་སུ་ཁྱབ་པ། མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད་ལོ་མང་རིང་95%ཡན་རྒྱུན་འཁྱོངས་ཐུབ་པ་བཅས་རེད།

    རང་འགུལ་གྱིས་སྒོ་མོ་འབྱེད་རྒྱ་ཆེ་རུ་ཧུར་ཐག་བཏང་ཞིང་། སྒོ་དབྱེའི་ལས་སྟེགས་བསྐྲུན་པར་ཤུགས་སྣོན་བརྒྱབ་ནས་ཀྲུང་གོའི་བོད་ཀྱི་འཕེལ་རྒྱས་གླེང་སྟེགས་དང་། ཀྲུང་གོའི་བོད་ཀྱི་ཡུལ་སྐོར་རིག་གནས་རྒྱལ་སྤྱིའི་འགྲེམས་ཚོགས་སྐབས་ལྔ་པ། ཀྲུང་གོའི་བོད་ལྗོངས“ཧི་མ་ལ་ཡའི་མཐའ་འཁོར”གྱི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་སྐབས་གསུམ་པ་དང་བཞི་པ་བཅས་གཉེར་ནས་བོད་འདི་ཉིད་འཛམ་གླིང་ཐོག་གང་མགྱོགས་སྐྱོད་ཐུབ་པ་དང་འཛམ་གླིང་གིས་བོད་ལ་རྒྱུས་མངའ་དེ་བས་ཡག་པོ་ལོན་པར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།