དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 2025ལོར་རྒྱལ་ཡོངས་མི་འབོར་གྱི་1%ལ་དཔེ་འཐེན་ བརྟག་དཔྱད་བྱ་རྒྱུ་ཡིན་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-09-18

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་གསར་འགོད་པས་རྒྱལ་ཁབ་བསྡོམས་རྩིས་ཅུས་ནས་ཤེས་རྟོགས་བྱས་པར། རང་རྒྱལ་གྱིས་2025ལོར་རྒྱལ་ཡོངས་མི་འབོར་གྱི་1%ལ་དཔེ་འཐེན་བརྟག་དཔྱད་བྱས་ཏེ་རང་རྒྱལ་མི་འབོར་གྱི་གྲངས་འབོར་དང་། བྱང་ཚད། གྲུབ་ཆ། ཁྱབ་ཚུལ། སྡོད་གནས་བཅས་ཀྱི་འགྱུར་ལྡོག་གནས་ཚུལ་ལ་ཞིབ་བཤེར་གསལ་པོ་བྱེད་པར་རམ་འདེགས་བྱས་ཏེ་མི་འབོར་འཕེལ་རྒྱས་ཀྱི་རྣམ་པ་དང་སྐོར་སྐྱོད་ཆོས་ཉིད་ལ་དེ་བས་ལེགས་པའི་སྒོ་ནས་སྟངས་འཛིན་ཐུབ་རྒྱུ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཡོངས་མི་འབོར་གྱི་1%ལ་དཔེ་འཐེན་བརྟག་དཔྱད་བྱེད་པ་དེ་དུད་ཚང་ཚན་པར་བྱས་ནས་སྤེལ་རྒྱུ་ཡིན་པ་དང་བརྟག་དཔྱད་བྱ་ཡུལ་ནི་རང་རྒྱལ་ས་ཁོངས་ནང་གི་བདམས་ཐོན་བྱུང་བའི་དུད་ཚང་གི་མི་འབོར་ཚང་མ་ཡིན་པ་རེད། འདེད་རྩིས་ཞིབ་ཚད་ཀྱི་བླང་བྱ་ལྟར་དུས་རིམ་མང་བ་དང་། རིམ་པ་དབྱེ་བ། ཚོད་རྩིས་བསྡུར་ཚད་བཅས་ཀྱི་དཔེ་འཐེན་བྱེད་ཐབས་སྤྱད་ནས་རྒྱལ་ཡོངས་ནས་ཁྱོན་དུད་ཚང་ཁྲི་500ཙམ་དང་མི་ཁྲི་1400ཙམ་ལ་དཔེ་འཐེན་བྱ་རྒྱུ་དང་། དཔེ་འཐེན་བསྡུར་ཚད་རྒྱལ་ཡོངས་མི་འབོར་གྱི་བརྒྱ་ཆ་1ཡིན་པ་རེད།

    ད་ཐེངས་བརྟག་དཔྱད་ཀྱི་ནང་དོན་གཙོ་བོ་ནི་མི་འབོར་དང་ཁྱིམ་དུད་ཀྱི་གཞི་རྩའི་གནས་ཚུལ་ཡིན་པ་དེའི་ནང་རུས་མིང་དང་། སྤྱི་དམངས་ཀྱི་ཐོབ་ཐང་ཨང་གྲངས། ཕོ་མོ། ལོ་ཚད། མི་རིགས། སློབ་གསོ་ཐེབས་ཚད། ལས་རིགས། གནས་སྤོ་འགྲོ་སྐྱོད། གཉེན་སྒྲིག བུ་བཙའ། འཆི་བ། སྡོད་ཁང་གི་གནས་ཚུལ་སོགས་ཚུད་ཡོད་པ་རེད། བརྟག་དཔྱད་དམིགས་ཚད་དེ་སྤྱིའི་ཆ་ནས་དེ་སྔོན་གྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་དང་མི་འབོར་གྱི་1%ལ་དཔེ་འཐེན་བརྟག་དཔྱད་དང་འབྲེལ་མཐུད་བྱེད་པ་དང་དུས་མཚུངས། བསམ་འཆར་རྒྱ་ཁྱབ་ངང་བསྡུ་ལེན་དང་རིགས་པས་ཁུངས་སྐྱེལ་གང་ལེགས་བྱེད་པའི་རྨང་གཞིའི་ཐོག མི་འབོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་སྲིད་ཇུས་ཀྱི་དགོས་མཁོ་གསར་ཤོས་མཚོན་པའི་འབྲེལ་ཡོད་ནང་དོན་མང་དུ་གཏོང་རྒྱུ་ཡིན་པ་རེད།

    2025ལོའི་རྒྱལ་ཡོངས་མི་འབོར་གྱི་1%ལ་དཔེ་འཐེན་བརྟག་དཔྱད་བྱེད་པའི་དུས་ཚོད་ནི་2025ལོའི་ཟླ་11ཚེས་1ཉིན་གྱི་ཆུ་ཚོད་ཀླད་ཀོར་ལ་ཡིན་པ་རེད། བརྟག་དཔྱད་བྱེད་འགོ་ཚུགས་རྗེས། དཔེ་འཐེན་ལ་བདམས་པའི་དུད་ཁྱིམ་ལ་སྲིད་གཞུང་གིས་བདམས་པའི་བརྟག་དཔྱད་པས་སྒོ་རྩར་བརྟག་དཔྱད་བྱེད་པ་དང་བརྟག་དཔྱད་པའི་དྲི་བར་གཞིགས་ནས་བརྟག་དཔྱད་ལ་མཁོ་བའི་ཆ་འཕྲིན་སྙན་སེང་ཞུ་དགོས། དེ་དང་ཆབས་ཅིག་དུད་ཚང་དུ་བསྐྱོད་ནས་སུན་པོ་མི་བཟོ་བའི་ཆེད། བརྟག་དཔྱད་བྱེད་སྐབས་རང་བརྟེན་རེའུ་མིག་རྒྱོང་ཐབས་མཁོ་འདོན་བྱ་རྒྱུ་ཡིན་པས། ཚང་མས་སྒུལ་བདེའི་མཐའ་སྣེ་སྤྱད་ནས་རྩ་གཉིས་ཨང་རྟགས་བཤེར་ནས་རང་འགུལ་ངང་མི་སྒེར་དང་ཁྱིམ་ཚང་གི་ཆ་འཕྲིན་རེ་ཞུ་བྱེད་ཆོག

    བརྟག་དཔྱད་མཇུག་འགྲིལ་རྗེས། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་སྤྱི་བསྒྲགས་ཀྱི་རྣམ་པའི་ཐོག་ནས་དུས་ཐོག་ཏུ་སྤྱི་ཚོགས་ལ་བརྟག་དཔྱད་ཀྱི་འབྲས་བུ་གཙོ་བོ་ཡོངས་བསྒྲགས་བྱ་རྒྱུ་དང་། དེ་བས་ཞིབ་ཚགས་པའི་རིགས་དབྱེའི་བརྟག་དཔྱད་འབྲས་བུ་ལོ་རིམ་མེ་ལོང་སོགས་ཀྱི་བྱེད་ཐབས་བརྒྱུད་ཡོངས་བསྒྲགས་བྱ་རྒྱུ་ཡིན་པ་རེད།

    མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་གཉིས་རེ་བྱེད་པའི་བར་ལ་རྒྱལ་ཡོངས་མི་འབོར་གྱི་1%ལ་དཔེ་འཐེན་བརྟག་དཔྱད་བྱེད་པ་ནི《རྒྱལ་ཡོངས་མི་འབོར་ཡོངས་ཁྱབ་ཞིབ་བཤེར་གྱི་སྲོལ་ཡིག》ནང་གཏན་འཁེལ་ཁ་གསལ་བྱས་ཡོད། རང་རྒྱལ་གྱིས་1987ལོར་རྒྱལ་ཡོངས་མི་འབོར་གྱི་1%ལ་དཔེ་འཐེན་བརྟག་དཔྱད་ཐེངས་དང་པོ་བྱས་པ་དང་མིག་སྔར་ཐེངས་བཞི་བྱས་ཟིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།