དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རི་ཆུ་བརྒལ་བའི་བརྩེ་སེམས། བདེ་ཐང་སྲུང་བའི་ལྷ་རྗེ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཝང་ཆིང་ཧྭ།   |     སྤེལ་དུས།  2024-09-18

    ཤར་རྒྱ་མཚོའི་འགྲམ་ངོགས་སུ་ཆགས་པའི་ཧྲང་ཧའེ་ནས་སྤྱི་ལེ་5000ལྷག་ཙམ་ཆོད་པའི་ཇོ་མོ་གླང་མའི་འདབས་སུ་ཡོང་ནས་ལོ་3ཕྱིན་འདུག ང་རང་ལས་ཀ་བྱེད་སའི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང་གི་རྒྱལ་སྒོ་དོན་ནས་ཅུང་ཕྱིན་ན་གྲོང་ཁྱེར་གྱི་མ་ལམ་གཙོ་བོའི་གྲས་ཤིག་ཡིན་པའི་ཧྲང་ཧའེ་ལམ་དུ་སླེབས་ཤིང་། ལམ་དེ་ནི་ཧྲང་ཧའེ་དང་གཞིས་རྩེས་ལག་གདང་གཅིག་ཏུ་སྦྲེལ་ནས་བཏོད་པའི་བརྩེ་སེམས་ཀྱི་དན་རྟགས་སུ་གྱུར་ཡོད།

    ཁ་གཏད་བོད་སྐྱོར་བྱེད་རིང་། སྨན་བཅོས་འཕྲོད་བསྟེན་ནི་བོད་སྐྱོར་གྱི་བྱ་གཞག་གལ་ཆེན་ཞིག་ཏུ་གྱུར་ཡོད། 2015ལོར་ཧྲང་ཧའེ་ཡི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་སྨན་བཅོས་རུ་ཁག་ཁག་དང་པོ་གཞིས་རྩེར་འབྱོར་བ་དང་། ཧྲང་ཧའེ་ཡི་ཀ་པ་རིམ་པ་གསུམ་པའི་སྨན་ཁང་ཁག་23གྱིས་ད་བར་ཁྱོན་བསྡོམས་ཁག་ཐེངས་བཅུ་ཡི་སྨན་བཅོས་རྐང་འཛིན་པ་210གཞིས་རྩེར་སྨན་བཅོས་རོགས་སྐྱོར་བྱེད་པར་མངགས་ཡོད། གཞིས་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང་ཡང་དེ་སྔའི་སྨན་ཁང་རྙིང་པ་ནས་དེང་རབས་ཅན་གྱི་སྨན་ཁང་གསར་པར་གྱུར་ནས། ད་ཆ་ཡུལ་དེའི་ཀ་པ་རིམ་པ་གསུམ་པའི་སྨན་ཁང་ཆེ་ཤོས་དེར་གྱུར་ཡོད་པ་དང་། ལོ་ལྟར་སྨན་བཅོས་བྱེད་ཚད་མི་ཐེངས་ཁྲི་30ཙམ་ཟིན་ནས། མི་རིགས་ཁག་གི་མང་ཚོགས་ཀྱི་ཚེ་སྲོག་གི་བདེ་ཐང་ལ་སྲུང་སྐྱོང་ནུས་ལྡན་བྱས་ཡོད།

    སྨན་བཅོས་བོད་སྐྱོར་བྱེད་རིང་། སྨན་པ་བཟང་པོ་དེ་བས་མང་བ་རང་མོས་ངང་འདི་གར་རོགས་སྐྱོར་བྱེད་པར་གཏོང་དགོས་ལ། ཡུལ་དེར་ནམ་ཡང་གནས་ཐུབ་པའི་སྨན་བཅོས་རུ་ཁག་གཅིག་ཀྱང་གཏོད་དགོས་ཀྱི་ཡོད། ང་ཚོས་ཚོགས་པས་ཚོགས་པའི་སྣེ་ཁྲིད་པ་དང་རིགས་གཅིག་མཁས་ཅན་གྱིས་རྐང་འཛིན་པའི་སྣེ་ཁྲིད་པ་སོགས་ཀྱི་བྱེད་སྟངས་སྤྱད་དེ། རོགས་སྐྱོར་བྱེད་ཡུལ་གྱི་སྨན་ཁང་ལ་སྨན་བཅོས་དང་། སློབ་ཁྲིད། ཞིབ་འཇུག དོ་དམ་བཅས་ཀྱི་ཤེས་ལྡན་པ་གསོ་སྐྱོང་བྱེད་སྟངས་དམར་ཁྲིད་བྱས་ཡོད། རིགས་གཅིག་མཁས་ཅན་དང་། གཤགས་བཅོས། རིག་ཚན་བཅས་རྐྱང་པའི་རོགས་སྐྱོར་དང་བསྡུར་ན“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་གྱིས་ཐོན་ཁུངས་སྤུས་ལེགས་བསྡུ་སྒྲིལ་ཐུབ་སྟེ། དེ་དག་ལེ་ལག་ཚང་བའི་ལམ་ལུགས་དང་བསམ་ཕྱོགས་སུ་བསྒྱུར་ནས་རོགས་སྐྱོར་བྱེད་ཡུལ་གྱི་སྨན་ཁང་ལ་བུམ་པ་གང་བྱོའི་ཚུལ་གྱིས་བརྒྱུད་སྤྲོད་ཐུབ་ཀྱི་ཡོད། དེ་དང་ཆབས་ཅིག ང་ཚོས་གཞིས་རྩེའི་ལས་སྒོའི་རྐང་འཛིན་པ་བསྟུད་མར་ཧྲང་ཧའེ་གྲོང་ཁྱེར་དུ་ཟབ་སྦྱོང་བྱེད་པར་འདེམས་མངགས་བྱས་ཡོད། ད་ཆ་སྔོན་མ་བསམས་མ་ཕོད་པ་དང་། བཅོས་ཐབས་མེད་པ། ཡག་པོ་བཅོས་མ་ཐུབ་པ་བཅས་ཀྱི་ནད་གཞི་མང་པོ་ས་ཆ་དེ་རང་ནས་བཅོས་ཐུབ་ཀྱི་ཡོད།

    གནས་གཅིག་ལ་རོགས་སྐྱོར་བྱས་ན་ཕྱོགས་གཅིག་ལ་ཕན་པ་ཐོབ་བཞིན་ཡོད་ཅིང་། མང་ཚོགས་དེ་བས་མང་བར་ཕན་པ་ཐོབ་ཆེད། ང་ཚོའི་སྨན་པས་ནད་པའི་གམ་དུ་སྨན་བཅོས་བྱེད་པར་ཧུར་ཐག་བསྐྱོད་ཡོད། ས་སྐྱ་རྫོང་དུ་དེ་གོང་མི་ཞིག་ཐོག་ཁ་ནས་ཟགས་ཏེ་རྨས་སྐྱོན་ཕོག་པར། རྫོང་སྨན་ཁང་དུ་བསྐྱལ་ཡང་སྨན་བཅོས་ཆ་རྐྱེན་མི་འདང་བའི་ཁར་ནད་པར་མཁོ་བའི་ཁྲག་ཀྱང་མེད་སྟབས། ང་ཚོས་འཕྲལ་དུ་བོད་སྐྱོར་སྨན་པར་ཁྲག་བསྐུར་ནས་རྫོང་དུ་ནད་པར་གཤགས་བཅོས་བྱེད་པར་མངགས་པས་ནད་པའི་སྲོག་བསྐྱབས་ཐུབ་ཡོད། ཉེ་བའི་ལོ་གཉིས་ནང་སྨན་བཅོས་རུ་ཁག་གིས་རིགས་གཅིག་མཁས་ཅན་ཐེངས་མང་སྒྲིག་འཛུགས་བྱས་ཏེ་མཉམ་དུ་ནད་བཅོས་དང་གཤམ་སྐྱོད་སྐོར་སྐྱོད་སྨན་བཅོས་བྱས་པ་དང་འོས་འགན་སྨན་བཅོས་དང་ཚན་རིག་ཁྱབ་གདལ་གྱི་བྱེད་སྒོ་སྣ་ཚོགས་ཧུར་ཐག་སྤེལ་བར་མང་ཚོགས་མི་ཐེངས་2000ལྷག་ཙམ་ལ་ཕན་པ་ཐོབ་ཡོད།

    ད་ལོ་ནི་སྨན་བཅོས་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་གྱི་ལོ་བཅུ་པ་དེ་རེད། ད་ཆ་བོད་ལྗོངས་སུ“ནད་ཆེན”400ལྷག་ཙམ་བོད་རང་སྐྱོང་ལྗོངས་ནང་ཁུལ་ནས་དུས་ཐོག་ཏུ་བཅོས་ཐུབ་པ་དང་། “ནད་འབྲིང”2400ལྷག་ཙམ་ས་ཁུལ་དང་གྲོང་ཁྱེར་ནས་དུས་ཐོག་ཏུ་བཅོས་ཐུབ་པ། རྒྱུན་མཐོང་གི“ནད་ཆུང”ཁག་རྫོང་ནས་དུས་ཐོག་ཏུ་བཅོས་ཐུབ་ཀྱི་ཡོད། ད་ལོ་ནི་རྒྱལ་ཡོངས་ཀྱིས་བོད་ལ་ཁ་གཏད་རོགས་སྐྱོར་བྱས་ནས་ལོ་30འཁོར་བའི་ལོ་ཞིག་ཀྱང་རེད། ལོ་30ཡི་རིང་། རྣམ་གྲངས་རྐྱང་པའི་བོད་སྐྱོར་ནས་ཤེས་ལྡན་པའི་བོད་སྐྱོར་དང་། ལས་ཞུགས་བོད་སྐྱོར། “ཚོགས་སྒྲིག་རྣམ་པའི”སྨན་བཅོས་བོད་སྐྱོར། “ཚོགས་སྒྲིག་རྣམ་པའི”སློབ་གསོའི་བོད་སྐྱོར་སོགས་བར་འཕོ་འགྱུར་བྱུང་ཞིང་། ཤེས་ལྡན་པ་དེ་བས་མང་བས་གངས་ལྗོངས་ས་མཐོར་གཞིས་ཚུགས་ཏེ་བློ་བརྟན་འགྱུར་མེད་ངང་དཀའ་སྤྱད་འབད་འཐབ་བྱས་ནས། བོད་ལྗོངས་ཀྱི་འཕེལ་རྒྱས་ཆེད་གསོན་ཤུགས་ཆེན་པོ་བསྣན་ཡོད་ལ། མི་རིགས་མཐུན་སྒྲིལ་གྱི་གླུ་དབྱངས་སྙན་མོ་མང་པོ་ཞིག་ཀྱང་དཀྲོལ་གཏོང་བྱས་ཡོད།

    བོད་སྐྱོར་ནི་ལས་འབྲེལ་དང་འགན་འཁྲི་ཞིག་ཡིན་ལ། ཚེ་གང་གི་བསམ་པའི་རྒྱུ་ནོར་ཞིག་དེ་བས་ཀྱང་ཡིན་པས། ང་ཚོས་སྔར་བཞིན་ལས་ཀའི་རྒྱུན་བསྐྱངས་ཏེ་རྒྱུག་མཐུད་དབྱུག་པ་འདི་མི་རེ་རེ་བྱས་ནས་བརྒྱུད་སྤྲོད་བྱེད་ངེས་ཡིན།

    (རྩོམ་པ་པོ་ནི་ཧྲང་ཧའེ་གྲོང་ཁྱེར་སྨན་བཅོས་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་རུ་ཁག་གི་རུ་དཔོན་དང་། གཞིས་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང་གི་ཏང་ཨུད་ཀྱི་ཧྲུའུ་ཅི་ཡིན་པ་དང་འདི་ག་ཚགས་པར་གྱི་གསར་འགོད་པ་ཞུས་ཡུས་ཡའོ་ཡིས་བཅར་འདྲི་ལེགས་སྒྲིག་བྱས)

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།