དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རྒྱལ་ཡོངས་ཀྱི་དཔེ་ཁྲིད་མི་སྐྱོང་གི་མིག་དཔེ་ཀྲང་ཨའེ་ཕིང་གིས་སློབ་མའི་སེམས་ནང་དད་མོས་ཀྱི་ས་བོན་བཏབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-09-18

    བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་དུ་བསམ་བློ་ཆབ་སྲིད་སློབ་ཚན་གྱི་དགེ་རྒན་ཞིག་ཡོད་པ་སྟེ། དམིགས་བསལ་ཐབས་ལམ་ལ་བརྟེན་ནས་བསམ་བློ་ཆབ་སྲིད་སློབ་གསོ་དེ་ཉིད་སློབ་ཁང་ནས་རྒྱུན་གཏན་འཚོ་བའི་བར་སྣུར་སྲིང་བྱེད་པ་དང་། གོ་བདེ་བའི་སྐད་ཆའི་ཐོག་ནས་མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་དང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་ཟུང་འབྲེལ་དམ་ཟབ་བྱེད་པ་དང་འབྲེལ་བསམ་བློ་ཆབ་སྲིད་སློབ་ཚན་གྱི་སློབ་ཁྲིད་ནང་མཉམ་འདྲེས་ཡོང་བ་བྱས་ཏེ། བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་དེ་སློབ་མའི་འཚོ་བའི་ནང་ཁྱབ་པ་དང་སློབ་མས་བསམ་བློ་ཆབ་སྲིད་སློབ་ཚན་ལ་དངོས་འབྲེལ་དགའ་པོ་ཡོང་བར་བྱེད་མཁན་ཁོང་ནི་དགེ་རྒན་ཆེ་མོ་བ་གཞོན་པ་ཀྲང་ཨའེ་ཕིང་རེད།

    2005ལོར། ཀྲང་ཨའེ་ཕིང་ཝུའུ་ཧན་སློབ་ཆེན་མཚན་ཉིད་རིག་པའི་སློབ་གླིང་ནས་ཐོན་ཞིང་། སློབ་གྲྭ་ཐོན་མ་ཐག་ཁོང་གིས་མཐའ་མཚམས་འཛུགས་སྐྲུན་ལ་རོགས་སྐྱོར་བྱེད་པའི་རྒྱལ་ཁབ་ཀྱི་འབོད་སྐུལ་དང་ལེན་ཞུས་ཏེ། བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་དུ་ཡོང་ནས་བསམ་བློ་ཆབ་སྲིད་སློབ་གསོའི་ལས་དོན་ལ་སེམས་ནུས་ཡོད་རྒུ་བཏོན།

    ཀྲང་ཨའེ་ཕིང་གིས “མིག་དཔེའི་སྟོབས་ཤུགས་ནི་རྫོགས་མཐའ་མེད་པ་ཞིག་རེད”ཅེས་བརྗོད། ཁོང་གིས་བསྒྲུབ་པའི་བྱ་བ་དང་པོ་ནི་མི་དེ་བས་མང་པོས་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་ལ་ངོས་འཛིན་གཅིག་མཐུན་ཡོང་བ་དང་ཁོང་ཚོར་རང་ཉིད་ནི་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་རྒྱུན་འཛིན་བྱེད་མཁན་ཞིག་ཡིན་པའི་ངོས་འཛིན་ཐུབ་པར་བྱེད་རྒྱུ་དེ་རེད། དེས་ན་ཀྲང་ཨའེ་ཕིང་གིས་སློབ་ཚན་དང་། ཚོགས་འདུ། སྤེལ་རེས་བཅས་ཀྱི་གོ་སྐབས་ཚང་མ་དམ་འཛིན་བྱས་ཏེ“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་ནི་རྩ་ཆེའི་གསར་བརྗེའི་རིག་གནས་ཤུལ་བཞག་ཅིག་རེད།

     བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་རྒྱུན་འཛིན་བྱ་རྒྱུ་ནི་གུང་ཁྲན་ཏང་མིའི་འགན་འཁྲི་དང་འོས་འགན་རེད”ཅེས་རེ་འབོད་བྱས་པ་དང་2021ལོར་ཀྲང་ཨའེ་ཕིང་གིས《བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་ཆགས་པ་དང་འཕེལ་རྒྱས》ཞེས་པའི་སྙན་ཞུ་རྩོམ་འབྲིའི་ནང་དུའང་ཞུགས་ཡོད།

    སྔོན་ཆད་སློབ་མ་རྣམས་བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་ནང་ཞུགས་སེམས་དེ་ཙམ་ཆེན་པོ་མེད། ཚང་མས་སློབ་ཚན་ནི་ཁ་རྒྱུ་བྲོ་རྒྱུ་མེད་པ་ཞིག་ཡིན་པར་སྙམ། དེས་ན་ཀྲང་ཨའེ་ཕིང་སློབ་ཁང་ནས་ཕྱིར་དོན་ཏེ་བསམ་བློ་ཆབ་སྲིད་འཆད་ཁྲིད་བྱས་ཤིང་། སློབ་མའི་སྣེ་འཁྲིད་ནས་ཐན་ཀོན་སན་གྱི་དྲན་གསོ་ཁང་དུ་བསྐྱོད། ཐན་ཀོན་སན་གྱི་དྲན་གསོ་ཁང་དེ་ཉིད་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་དུ་ཡོད་ཅིང་། 2016ལོར་ཀྲང་ཨའེ་ཕིང་གིས་སློབ་མ་རྣམས་དྲན་གསོ་ཁང་དུ་འཁྲིད་སྐབས་ཁོང་གིས་གསར་དུ་བསྐྲུན་པའི་འགྲེམས་ཁང་དེར་སློབ་མ་ཚོས་རྒྱུས་མངའ་དེ་ཙམ་མེད་པ་ཤེས་རྟོགས་བྱུང་། དེས་ན་སློབ་གྲྭའི་ནང་དུ་ཡོད་པའི་དྲན་གསོ་ཁང་དེ་བསམ་བློ་ཆབ་སྲིད་སློབ་ཚན་གྱི་ལག་ལེན་རྟེན་གཞིར་འགྱུར་བ་བྱ་རྒྱུ་དང་འབྲེལ། འོས་འགན་འགྲེལ་བཤད་ཚོགས་ཆུང་བཙུགས་ནས་སློབ་གྲྭ་ཡོངས་ཀྱི་སློབ་མ་ཚོར་དམག་དཔོན་ཐན་ཀོན་སན་གྱི་མི་ཚེའི་མཛད་རྗེས་འགྲེལ་བཤད་རྒྱག་རྒྱུ་དང་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དྲིལ་བསྒྲགས་བྱེད་པའི་སེམས་ཐག་བཅད། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དང‘བོད་སྐྱོད་པ་རྒན་གྲས’ཚོའི་གཏམ་རྒྱུད་ཉན་རྗེས་འགན་འཁྲི་དང་འོས་འགན་ཞེས་པ་དེ་གང་ལ་ཟེར་བ་ངས་གཞི་ནས་ཤེས་རྟོགས་ཟབ་མོ་བྱུང་། བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་ཀྱིས་རང་ཉིད་ཀྱི་མདུན་སྐྱོད་ལ་སྐུལ་མ་ནམ་ཡང་ཐེབས་རྒྱུ་ཡིན”ཞེས་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གི་སློབ་མ་བཀྲ་ཤིས་ཕུན་ཚོགས་ཀྱིས་བཤད།

    བསམ་བློ་ཆབ་སྲིད་སློབ་ཚན་གྱི་ལག་ལེན་སློབ་གསོའི་ཐོན་ཁུངས་དེ་བས་མང་བ་བཙལ་འཚོལ་བྱེད་ཆེད། ཀྲང་ཨའེ་ཕིང་གིས་གུང་གསེང་རིང་ཐན་ཀོན་སན་དྲན་གསོ་ཁང་གི་འགྲེལ་བཤད་པའི་སྣེ་ཁྲིད་དེ་གསར་བརྗེའི་རིག་གནས་རྗེས་ཤུལ་འཚོལ་ཞིབ་ཐེངས་མང་བྱས། 2023ལོའི་ལོ་མཇུག་བར་ཀྲང་ཨའེ་ཕིང་གིས་ཚོགས་པའི་སྣེ་འཁྲིད་དེ་གསར་བརྗེའི་རིག་གནས་ཤུལ་བཞག་ཁག་161ལ་བརྟག་ཞིབ་བྱས་པ་དང་། གསར་བརྗེའི་རིག་གནས་རིན་ཐང་ལྡན་པའི་ལོ་རྒྱུས་ཤུལ་བཞག་ཁག་16གསར་དུ་ཤེས་རྟོགས་བྱུང་བ། ཡིག་འབྲུ་ཁྲི་18ཡོད་པའི་བརྟག་ཞིབ་སྙན་ཞུ་བྲིས་པ། གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་ལམ་ཐིག་22ཇུས་འགོད་བྱས་པ། ཀྲང་ཨའེ་ཕིང་གིས་གསར་བརྗེའི་རིག་གནས་ཤུལ་བཞག་དེ་དག་ཕན་ཚུན་སྦྲེལ་མཐུད་བྱས་ནས“སྐོར་སྐྱོད་ཀྱི་བསམ་བློ་ཆབ་སྲིད་ཀྱི་སློབ་ཚན”དུ་ཇུས་འགོད་བྱས་པ་དང་འབྲེལ་མཐའ་མཚམས་རྒྱུད་ཀྱི་གསར་བརྗེའི་རིག་གནས་ཤུལ་བཞག་དེ་དག་ས་གནས་ས་ཐོག་གི་སློབ་ཁྲིད་ས་ཚིགས་སུ་བརྩིས་ཏེ། ཡུལ་སྨད་ཤང་དང་ལེགས་པོ་ལུང་ཤུར་སོགས་བསམ་བློ་ཆབ་སྲིད་སློབ་ཚན་གྱི་ཞིབ་འཇུག་སློབ་སྦྱོང་ལག་ལེན་ལམ་ཐིག་གལ་ཆེན་10གསར་འབྱེད་བྱས།

    ལོ་བཅུ་གྲངས་ཁ་ཤས་ཉིན་གཅིག་ལྟར་དཔེ་ཁྲིད་མི་སྐྱོང་བྱས་པའི་ལོ་ཟླའི་ཁྲོད་ཀྲང་ཨའེ་ཕིང་ལ་རྒྱལ་ཡོངས་ཀྱི་ཕུལ་བྱུང་དགེ་རྒན་དང་། རྒྱལ་ཡོངས་མཐོ་སློབ་ཀྱི་ཕུལ་བྱུང་བསམ་བློ་ཆབ་སྲིད་ཀྱི་སློབ་གསོའི་ལས་དོན་པ། བོད་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མིག་དཔེ། རྒྱལ་ཡོངས་ཀྱི་དཔེ་ཁྲིད་མི་སྐྱོང་གི་མིག་དཔེ་སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ།

    “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་ནི་རྟོག་བཟོ་བྱས་པ་ཞིག་མིན་པར་དངོས་དངོས་རྗེན་རྗེན་དང་། མི་མང་པོ། བྱ་བ་མང་པོ་བཅས་ལས་གྲུབ་པ་ཞིག་རེད། དེ་ནི་བོད་ལ་ལེགས་སྐྱེས་འབུལ་མཁན་གྱི་ལང་ཚོ་དང་ཚེ་སྲོག་རེད”ཀྲང་ཨའེ་ཕིང་གིས་རང་ཉིད་ཀྱིས་འབད་བརྩོན་བྱས་པ་བརྒྱུད་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་མི་དེ་བས་མང་པོས་ཤེས་རྟོགས་ཐུབ་སྟེ། བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དུས་རབས་གསར་པར་དར་རྒྱས་གོང་འཕེལ་ཡོང་བའི་རེ་བ་ཡོད་ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།