མི་རབས་རྗེས་མར་ནམ་ཡང་སྐུལ་མ་ཐེབས་པའི་དཔའ་བོའི་སྙིང་སྟོབས།
—— རྒྱལ་རྩེའི་དབྱིན་འགོག་དམག་འཁྲུག་ལངས་ནས་ལོ་120འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོའི་ཟུར་བྲིས།
འདི་ནི་ཟླ་9ཚེས་14ཉིན། རྒྱལ་རྩེའི་རྫོང་རིའི་གཤམ་དུ་གཞིས་རྩེ་གྲོང་ཁྱེར་གྱིས་རྒྱལ་རྩེའི་དབྱིན་འགོག་དམག་འཁྲུག་ལངས་ནས་ལོ་120འཁོར་བར་དྲན་གསོ་ཞུ་བའི་སྤྱི་མཆོད་བྱེད་སྒོ་སྤེལ་བཞིན་པ།
སྔོན་གཤེགས་དཔའ་བོའི་སྙིང་སྟོབས་དང་སྤྱོད་བཟང་བསྐལ་བརྒྱར་གནས། ཟླ་9ཚེས་14ཉིན་ལོ་རྒྱུས་ཡུན་རིང་ལ་དཔའ་བོའི་གཏམ་རྒྱུད་ངོ་མཚར་ཆེ་བའི་རྒྱལ་རྩེར་རྒྱལ་རྩེའི་དབྱིན་འགོག་དམག་འཁྲུག་ལངས་ནས་ལོ་120འཁོར་བར་དྲན་གསོ་ཞུ་བའི་སྤྱི་མཆོད་བྱེད་སྒོ་བརྗིད་ཉམས་ལྡན་པའི་ངང་སྤེལ་བ་རེད།
ཞོགས་པའི་ཉི་འོད་རྒྱལ་རྩེའི་གནའ་གྲོང་དུ་འཕྲོ་སྐབས་ཟིལ་རླབས་དགུང་འཕྱུར་གྱི་ལོ་རྒྱུས་དེ་བརྗོད་པ་ལྟར་སྣང་། སྤྱི་མཆོད་བྱ་ཡུལ་དུ་བསྒམ་བརླིང་དང་བརྗིད་ཉམས་ལྡན་པ་ཞིག་ཡོད། མི་རྣམས་ཀྱིས་གུས་བཀུར་དང་རྗེས་དྲན་ཞུ་བའི་བསམ་པའི་ཐོག་ནས་ཁ་ཁུ་སིམ་མེར་ལངས། མྱ་ངན་ཞུ་དབྱངས་ཁྲོད་མི་རྣམས་ཀྱིས་ངག་བསྡམས་ནས་མྱ་ངན་ཞུས་ཏེ་རྒྱལ་རྩེའི་དབྱིན་འགོག་དམག་འཁྲུག་ནང་སྐུ་གཤེགས་པའི་སྔོན་གཤེགས་དཔའ་བོ་ཚོར་གུས་འདུད་ཟབ་མོ་ཞུས། ངག་བསྡམས་ནས་མྱ་ངན་ཞུས་རྗེས་གུས་དམག་གིས་གྲལ་སྟར་འགྲིག་པོས་མེ་ཏོག་སི་ར་དྲན་གསོའི་རྡོ་རིང་གི་མདུན་དུ་དལ་གྱིས་བཞག མཚར་སྡུག་རྣམ་པར་བཀྲ་བའི་མེ་ཏོག་དེ་དག་གིས་རྗེས་རབས་པ་རྣམས་ཀྱིས་སྔོན་གཤེགས་དཔའ་བོར་བཅངས་པའི་མྱ་ངན་ཞུ་སེམས་ཟབ་མོ་མཚོན་གྱི་ཡོད།
“ང་ཚོས་སྔོན་གཤེགས་དཔའ་བོ་མིག་དཔེར་བཟུང་སྟེ་ཁོང་ཚོའི་རྒྱལ་གཅེས་ཀྱི་སྙིང་སྟོབས་རྒྱུན་འཛིན་བྱས་ནས་ད་ཆའི་ཞི་བདེ་དང་བདེ་སྐྱིད་ལ་སྔར་བས་གཅེས་སྤྲས་བྱེད་དགོས”ཞེས་ལོ་61ལ་སླེབས་པའི་བགྲེས་སོང་ཉི་མ་ཚེ་རིང་གིས་སྐད་ཤུགས་ཆུང་ངུས་རང་གི་ཚ་བོར་སྐབས་དེ་དུས་ཀྱི་ལོ་རྒྱུས་བཤད།
ལོ་120ཡི་གོང་རྒྱལ་རྩེའི་དབྱིན་འགོག་སྔོན་གཤེགས་དཔའ་བོ་ཚོས་བོད་མདའ་དང་། མདུང་། རང་ཉིད་ཀྱི་ལུས་ཕུང་བཅས་ལ་བརྟེན་ནས་དཔའ་ངར་ཞུམ་མེད་ཀྱིས་དགྲ་བོར་འགོག་རྒོལ་ཟླ་བ་གསུམ་བྱས་སྟེ། ཡིད་སྐྱོ་ལ་ཉམ་ཐག་པའི་དམག་འཐབ་བྱས་པ་བརྟེན་ནས་དགའ་སྐྱོ་གཉིས་ལྡན་གྱི་རྒྱལ་གཅེས་རིང་ལུགས་ཀྱི་བསྟོད་གླུ་ཞིག་བརྩམས་ཡོད། སྔོན་ཆད་ཁྲག་དྲོན་གྱིས་འཚོས་པའི་ས་གཞི་དེར་ད་ཆ་མི་རྣམས་ཀྱིས་དད་གུས་ཆེན་པོ་བྱེད་ཀྱི་ཡོད། དབྱིན་འགོག་སྔོན་གཤེགས་དཔའ་བོ་ཚོས་སྐབས་དེ་དུས་ཁྲག་དྲོན་སྐྱེས་སུ་ཕུལ་ནས་བདེན་དོན་ཆེད་རང་སྲོག་བློས་བཏང་དོན་ནི་རྒྱལ་ཁབ་གཅིག་གྱུར་དང་མངའ་ཁོངས་ཆ་ཚང་ཡོང་བའི་ཆེད་དུ་རེད། སྐབས་དེ་དུས་ཁོང་ཚོས་ཁྲག་འདོན་དམར་འཛིང་བྱས་པའི་ས་མཐོའི་ས་གཞི་ཆེ་མོ་དེ་ད་ཆ་རྒྱལ་སྲིད་དར་ཞིང་མི་སེམས་མཐུན་པ་དང་། ཞི་མཐུན་མཉམ་གནས། དུས་བདེ་འབྱོར་ཕྱུག་བཅས་ཀྱི་ཡུལ་ལུང་ཞིག་ཏུ་གྱུར་ཡོད།
ལོ་རྒྱུས་དཔྱད་གཞིར་འཛིན་པ་དང་མ་འོངས་པར་རྒྱང་ལྟ་བྱེད། རྒྱལ་རྩེའི་དབྱིན་འགོག་དམག་འཁྲུག་ཁྲོད་ཀྱི་དཔའ་བོ་ཚོའི་དཔའ་མཛངས་རྡུལ་ཕོད་དང་ཡིད་སྐྱོ་བའི་རྣམ་པར་བསྐྱར་དྲན་བྱས་ནས་ཀྲུང་ཧྭ་མི་རིགས་ཀྱི་དཔའ་ངར་ཞུམ་མེད་དང་ཡར་ཐོན་ལྷུར་ལེན་གྱི་སྙིང་སྟོབས་རླབས་པོ་ཆེ་ཚོར་བར་བྱ་ཆེད། ཉིན་དེའི་དགོང་མོར“ལོ་རྒྱུས་བློ་ལ་བརྟན་པོར་བཅངས་ནས་ཏང་གི་བཀའ་དྲིན་ཚོར་བ་དང་། འབྱུང་འགྱུར་ལ་རྒྱང་ལྟ་བྱས་ཏེ་ཏང་གི་རྗེས་སུ་འབྲངས་བའི”བརྗོད་དོན་གཙོ་བོའི་རྒྱལ་རྩེའི་དབྱིན་འགོག་དམག་འཁྲུག་ལངས་ནས་ལོ་120འཁོར་བར་དྲན་གསོ་ཞུ་བའི་ཆེད་དོན་རིག་རྩལ་འཁྲབ་སྟོན་གཞིས་རྩེའི་ཇོ་མོ་གླང་མའི་ཟློས་གར་ཁང་ཆེ་མོར་བྱས་པ་རེད།
འཁྲབ་སྟོན《དཔའ་བོའི་རྗེས་ཤུལ》དང་། 《ཉི་འོད་ས་མཐོར་འཕྲོ》《དུས་རབས་གསར་པར་འབད་འབུངས་བྱེད》བཅས་ལེ་ཚན་གསུམ་ལས་གྲུབ་པ་དང་འགོ་ཚུགས་ཞབས་བྲོ《མིག་ཆུ་དང་ཁྲག་དྲོན་གྱིས་བརླན་པའི་རྒྱལ་རྩེ》ཞེས་པ་འཁྲབ་པར་ཚོགས་ར་ཡོངས་སུ་དགའ་འབོད་ཀྱིས་ཁེངས། འཁྲབ་སྟོན་པ་ཚོས་གཟབ་མཆོར་ལེགས་པར་སྤྲས་ཏེ་སྤྲོ་སེམས་རབ་ཏུ་འཕེལ་བའི་ངང་རྩེར་སོན་གྱི་འཁྲབ་རྩལ་ལ་བརྟེན་ནས་དབྱིན་འགོག་དམག་འཁྲུག་ཁྲོད་ཀྱི་དཔའ་བོ་ཚོའི་དཔའ་ངར་ཆེར་སྐྱེད་དང་ཞུམ་མེད་ཀྱི་སྙིང་སྟོབས་གསོན་ཉམས་དོད་པས་མངོན་པར་བྱས་ཡོད། 《གུང་ཁྲན་ཏང་སླེབས་པས་སྡུག་བསྔལ་བདེ་ལ་འཁོད》དང་། 《བོད་ཀྱི་མི་དམངས་ཀྱིས་མཉམ་དུ་དགའ་སྤྲོའི་གླུ་དབྱངས་ལེན》 《བདེ་སྐྱིད་ལྡན་པའི་ང་ཚོ་ཏང་གི་རྗེས་སུ་འབྲངས》སོགས་མི་སེམས་ལ་སྐུལ་མ་ཐེབས་པའི་གླུ་དབྱངས་རྩེ་གྲ་གཅིག་རྗེས་གཉིས་མཐུད་ངང་བླངས་པ་དེ་ཐོག་ནས་དུས་རབས་གསར་པའི་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་དཔའ་ངར་ཆེར་སྐྱེད་ཀྱི་སྙིང་སྟོབས་གང་ལེགས་མངོན་ཡོད།