ད་ལོའི་ལོ་སྟོད་དུ་རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱིས་དྲ་རྒྱའི་གཏུམ་སྤྱོད་གྱོད་གཞི་ཁྱོན་3500ལྷག་ཙམ་མྱུལ་ཞིབ་ཐག་གཅོད་བྱས་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚེས་14ཉིན་གསར་འགོད་པས་སྤྱི་བདེ་པུའུ་ནས་ཤེས་རྟོཌ་བྱས་པར། 2024ལོའི་ཚུན། སྤྱི་བདེ་པུའི“དྲྭ་གཙང་2024ལོའི”ཆེད་དོན་བྱ་སྤྱོད་ཀྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། རྒྱལ་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་དྲ་རྒྱའི་གཏུམ་སྤྱོད་ཀྱི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་དང་བཅོས་སྒྲིག་གི་ཆེད་དོན་བྱ་སྤྱོད་མུ་མཐུད་སྤེལ་ནས་དྲ་རྒྱ་བརྒྱུད་དམའ་འབེབས་འཕྱ་སྨོད་བྱེད་པ་དང་། དཀྲོག་གཏམ་བཟོ་བ་དང་སྐྱོན་འདོགས་བྱེད་པ། སྒེར་གྱི་གསང་བར་གནོད་འཚེ་གཏོང་བ་སོཌ་དྲ་རྒྱའི་གཏུམ་སྤྱོད་ཀྱི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་བར་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོན་པ་རེད། ལོ་སྟོད་དུ། རྒྱལ་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་ཁྱོན་དྲ་རྒྱའི་གཏུམ་སྤྱོད་གྱོད་གཞི་ཁག་3500ལྷག་ཙམ་མྱུལ་ཞིབ་ཐག་གཅོད་བྱས་ཤིང་། མི་800ལྷག་ཙམ་ལ་ཁྲིམས་ལྟར་ཉེས་དོན་བཙན་ཤེད་ཀྱི་བྱེད་ཐབས་སྤྱད་པ་དང་། མི་3400ལྷག་ཙམ་ལ་སྲིད་འཛིན་ཆད་པ་བཅད་པ་རེད།
སྤྱི་བདེ་ལས་ཁུངས་ཀྱིས་དྲ་རྒྱའི་ཐོག་གླེང་མང་བའི་དོན་རྐྱེན་དང་མང་ཚོགས་ཀྱིས་གླེང་མང་བའི་མངོན་གསལ་དོད་པའི་གནད་དོན་ལ་དམ་པོར་དམིགས་ཏེ་རྡུང་རྡེག་དང་བཅོས་སྒྲིག་གི་བྱ་སྤྱོད་གཏིང་ཟབ་སྤེལ་ཞིང་། ཁྲིམས་འགལ་སྒྲིག་འགལ་གྱི་ཐོ་འགོད་ཨང་རྟགས་དང་། སྒྲིག་གཞི། དྲ་རྒྱའི་ལས་སྟེགས་བཅས་ལ་ཐག་གཅོད་དང་ཆད་པ་གཅོད་ཤུགས་ཆེ་རུ་བཏང་བ་དང་། དྲ་རྒྱའི་གཏུམ་སྤྱོད་ཆ་འཕྲིན་ཕུང་གསོག་ཐེབས་པ་དང་ཐག་གཅོད་དུས་ཐོག་ཏུ་མ་བྱུང་བའི་དབང་གིས་མཇུག་འབྲས་ངན་པ་བཟོས་པའི་དྲ་ཚིགས་ལས་སྟེགས་ཀྱི་འགན་འཁྲི་རྩད་གཅོད་དང་ཆད་པ་ནན་པོ་བཅད་པ་རེད།